དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་འཚོགས་པ།

    ​ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-01

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་བཏང་སྟེ་ཏང་གིས་དྲག་ཆས་ལ་དོ་དམ་དང་རྒྱལ་སྲུང་སྐུལ་སློང་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཁག་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུ་དང་2025ལོའི་ལྗོངས་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོའི་ཐོག་ནས“སྤྱི་ཡོངས་གཉིས”ལ་ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་གནང་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་དམིགས་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་གཏན་འཁེལ་གནང་བ། དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་གནང་བ་བཅས་ལས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་གྲུབ་ནས་དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་དང་དངོས་འཐབ་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་གནང་ཡོད། ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་དང་མཐུན་པའི་ནང་དོན། དོན་གྱི་སྙིང་པོ། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་དང་། གཏིང་ཟབ་པ། ཡང་དག་པ་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ་ཟབ་སྦྱོང་མཐིལ་རྟོགས་དང་མཐའ་གསལ་མཐིལ་རྟོགས་ཡོང་བར་ཤུགས་སྣོན་བརྒྱབ་ནས་དེ་འདྲ་ཡིན་པ་ཤེས་དགོས་ལ་དེ་འདྲ་ཡིན་ལུགས་ཀྱང་དངོས་འབྲེལ་ཤེས་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ལ་དམག་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་འགག་རྩའི་ལོ་ཞིག་ཀྱང་རེད། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། ཆབ་སྲིད་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་མི་དམངས་དྲག་ཆས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྱབ་ཁོངས་ཁག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ། སྲོག་ཤིང་ལ་སྲུང་སྐྱོང་དང་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་ཀྱི་རང་རྟོགས་ཤུགས་ཆེར་གཏོང་བ། དུས་རབས་གསར་པའི་མི་དམངས་དྲག་ཆས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ། བྱ་སྤྱོད་མཐའ་དག་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་ཉན་པའི་འགན་ལེན་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་བྱེད་པ། བོད་ཀྱི་ལས་དོན་དེ་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་ལ་དམ་འཛིན་བྱེད་སྐབས་རྒྱལ་སྲུང་སྲ་བརྟན་གཏོང་རྒྱུ་མི་བརྗེད་པ་དང་འཛུགས་སྐྲུན་བྱེད་སྐབས་དྲག་ཆས་དར་རྒྱས་གཏོང་རྒྱུ་མི་བརྗེད་པ། སློབ་སྦྱོང་གི་ཕན་འབྲས་དག་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་སུ་ཧུར་ཐག་སྒྱུར་བ་བཅས་བྱས་ཏེ། དམག་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་སྲུང་སྐུལ་སློང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནན་ཏན་བཟོ་བ་དང་། རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཞི་གཅིག་ཏུ་འཆར་འགོད་བྱེད་པ། གཞི་ཁྱོན་འོས་འཚམ་དང་། བཀོད་སྒྲིག་ལུགས་མཐུན། གྲུབ་ཆ་ཚན་རིག་དང་མཐུན་པ། བློས་འགེལ་ཆོག་པ་དང་སྤྱོད་གོ་ཆོད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། སྐུལ་སློང་གི་མི་མངོན་པའི་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྲོལ་དང་ལམ་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། དེང་རབས་ཡུལ་དམག་གི་སྟོབས་ཤུགས་མ་ལག་མགྱོགས་མྱུར་འཛུགས་པ། རྒྱལ་སྲུང་སློབ་གསོའི“ཁྱབ་གདལ་བདུན”གྱི་བྱེད་སྒོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་ནང་མཉམ་དུ་ཞུགས་པའི་རྣམ་པ་ཆགས་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་འགན་འཁྲི་ནན་དུ་བཏང་ནས་སྲ་ཞིང་བརྟན་པའི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། མཐའ་སྐྱོང་བོད་བརྟན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་ནས་དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་དགོས། བོད་སྡོད་དཔུང་སྡེ་ནི་གཟི་བརྗིད་སྲོལ་རྒྱུན་དང་གསར་བརྗེའི་ལོ་རྒྱུས་ལྡན་པའི་དཔུང་སྡེ་ཞིག་ཡིན་པས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ལ་རྒྱལ་སྲུང་མཐའ་སྲུང་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་བརྩེ་བ་ཟབ་མོ་ཆགས་ཡོད། རིམ་ཁག་ཏང་ཨུད་ཀྱིས་མི་དམངས་དྲག་ཆས་ལས་དོན་གྱི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ། དྲག་ཆས་ལ་དོ་དམ་དང་དྲག་ཆས་དར་རྒྱས་གཏོང་བའི་འགན་འཁྲི་ཕྲག་ཐོག་ཏུ་དངོས་སུ་འཁུར་བ་དང་དམ་འཛིན་བྱེད་དགོས། ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཁག་གིས་འབྲེལ་ཟམ་གྱི་ནུས་པ་བཏོན་ཏེ་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་གཉིས་བཀུར་ལས་དོན་གྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། “བསམ་ཇུས་གཅིག”གི་བསམ་བློ་འཛུགས་པ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་སྤྲོ་སེམས་ཆེན་པོས་རྒྱབ་སྐྱོར་བྱེད་པ། དཔུང་སྡེའི་ལས་དོན་ཁྲོད་འཕྲད་པའི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། དམག་བཀུར་དང་ནང་མིར་གཟིགས་སྐྱོང་གི་སྲིད་ཇུས་དང་བྱེད་ཐབས་ཁག་བློ་གཅིག་སེམས་གཅིག་གིས་དོན་འཁྱོལ་བཅས་བྱས་ནས། དམག་ལོག་དམག་མི་བཀོད་སྒྲིག་དང་། དམག་མིའི་ནང་མིའི་ལས་ཞུགས། བུ་ཕྲུག་གི་སློབ་ཞུགས་སོགས་ཀྱི་བྱ་བ་དངོས་དང་བྱ་བ་བཟང་པོ་དེ་བས་ཡག་པོ་སྒྲུབ་དགོས། བོད་སྡོད་དཔུང་སྡེས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། དུས་རབས་གསར་པའི་དམག་དམངས་མཉམ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ས་གནས་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་སྒུག དཔུང་སྡེའི་ནུས་པ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱ་ཆེའི་དཔོན་དམག་སྐུལ་སློང་དང་སྣེ་ཁྲིད་དེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཧུར་ཐག་བྱེད་པ། “མཉམ་ལྔ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་ཟབ་ཏུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།