ཝང་ཅུན་ཀྲེང་གིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་ལོ་གསར་དགའ་གཏོང་གནང་བ།

ཟླ་2ཚེས་19ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བྲག་ཡིབ་ཆུས་སུ་ཕེབས་ནས་གཞི་རིམ་གྱི་མང་ཚོགས་དང་ཏང་ཡོན་ལས་བྱེད་པར་འཚམས་འདྲི་གནང་བ་མ་ཟད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་ལོ་གསར་དགའ་གཏོང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་ཏང་ཡོན་རྒན་གྲས་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཕུན་ཚོགས་ཀྱི་ཁྱིམ་དུ་ཅི་འཕྲོས་མོལ་འཕྲོས་གནང་བཞིན་པ།
ཟླ་2ཚེས་19ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བྲག་ཡིབ་ཆུས་སུ་ཕེབས་ནས་གཞི་རིམ་གྱི་མང་ཚོགས་དང་ཏང་ཡོན་ལས་བྱེད་པར་འཚམས་འདྲི་གནང་བ་མ་ཟད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་ལོ་གསར་དགའ་གཏོང་གནང་ནས་ཡུལ་མི་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་ཞུས་པ་རེད།
ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་མ་ཐག་གངས་ལྗོངས་ས་མཐོར་བོད་ཀྱི་ལོ་གསར་ཤར་ཞིང་། ལོ་གསར་ཉིན་ཁྱིམ་ཚང་ཚང་མར“ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་པའི་སྨོན་ཚིག་བཟང་པོས་ཁེངས། “ཁྱེད་ཚོ་ལོ་གསར་སྤྲོ་པོ་དང་། གཟུགས་པོ་བདེ་ཐང་། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཝང་ཅུན་ཀྲེང་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་ལོ་77ལ་སླེབས་པའི་ཏང་ཡོན་རྒན་གྲས་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཕུན་ཚོགས་ཀྱི་ཁྱིམ་དུ་ཕེབས་སྐབས། སྒོ་ཐོད་ཀྱི་ཤམ་བུ་གསར་པ་དང་། གཙང་ཞིང་གྲལ་འགྲིག་པའི་སྒོ་ར། བཀྲ་ཤིས་པའི་གྲོ་སོ་ཕྱེ་མར། དྲི་ཞིམ་འཐུལ་བའི་ཁ་ཟས་བཅས་ལོ་གསར་གྱི་རྣམ་པ་ཤིན་ཏུ་ཟབ་མོ་ཡོད་པ་གཟིགས། “གཟུགས་གཞི་ཐང་པོ་བྱུང་ངམ”“དམངས་སྲོལ་གནས་ཚང་གི་ཚོང་ཡག་པོ་འདུག་གམ”དྲོ་སོབ་སོབ་ཀྱི་ཚོམས་ཆེན་དུ་ཝང་ཅུན་ཀྲེང་གིས་བགྲེས་སོང་དང་ཅི་འཕྲོས་མོལ་འཕྲོས་གནང་བ་དང་གཟུགས་པོའི་གནས་ཚུལ་དང་དེ་བཞིན་ཁྱིམ་ཚང་གི་ཡོང་འབབ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་རྗེས། ཕུན་ཚོགས་ཁྱིམ་གྱི་དམངས་སྲོལ་གནས་ཚང་དུ་ཕེབས་ཏེ་གོང་ཚད་དང་། ཞག་སྡོད་ཆ་རྐྱེན། ཁང་པའི་ཕྱི་རོལ་གྱི་མཛེས་ལྗོངས་བཅས་ལ་ཞིབ་པར་གཟིགས་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་བཀྲ་ཤིས་སྒང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཕུན་ཚོགས་ཁྱིམ་གྱིས་ཡུལ་དེ་གའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་དམངས་སྲོལ་གནས་ཚང་དང་བཟའ་བཏུང་ལས་རིགས་གཉེར་བར་ལོའི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་པ་མཁྱེན་སྐབས། ཝང་ཅུན་ཀྲེང་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བར་བསྔགས་བརྗོད་གནང་ཞིང་། ཁོང་གིས“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན” བདེ་སྐྱིད་ལྡན་པའི་འཚོ་བར་རོལ་རྒྱུ་བྱུང་བ་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་དང་ཁ་འབྲལ་ཐབས་མེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་ཚོར་བ་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུས་ཐོག་སྔར་བས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པ་དང་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས། ཡུལ་མི་ཚོའི་སྣེ་ཁྲིད་དེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཁྱིམ་གཞིས་དེ་བས་མཛེས་སྡུག་ལྡན་པ་སྐྲུན་པ་དང་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
བཀྲ་ཤིས་སྒང་གྲོང་ཚོའི་ཏང་དམངས་བྱེད་སྒོ་ལྟེ་གནས་སུ་ཡུལ་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་བོད་ཀྱི་ལོ་གསར་གཏོང་བཞིན་ཡོད། “ཡུལ་མི་ཚོས་འདི་གར་མཉམ་དུ་ལོ་གསར་གཏོང་གི་འདུག་ཟེར། ང་རང་ཚང་མར་ལྟ་བར་ཡོང་བ་ཡིན། ཚང་མ་ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་ཝང་ཅུན་ཀྲེང་གིས་ཡུལ་མི་རེ་རེ་བཞིན་ལ་ཕྱག་བཏང་ནས་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་སྦྲགས་ཕན་ཚུན་དབར་ལོ་གསར་ལ“བཀྲ་ཤིས་བདེ་ལེགས”ཞུ་རེས་གནང་བ་དང་། དེ་རྗེས་ཝང་ཅུན་ཀྲེང་ཚང་མ་དང་མཉམ་དུ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བྱེད་སྒོ་ལྟེ་གནས་སུ་བཞུགས་ནས་ལོ་གསར་མཉམ་གཏོང་དང་འབྱུང་འགྱུར་མཉམ་གླེང་གནང་བ་རེད།
ཀླུ་ནང་གི་རི་མཐོའི་འབྲོག་རར་ཝང་ཅུན་ཀྲེང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བསྟན་དོན། སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཀྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ལྕི་ཤོས་སྐྱེ་ཁམས་ཡིན་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། སྲུང་སྐྱོང་ཁྲོད་འཕེལ་རྒྱས་མགྱོགས་པོ་འགྲོ་བ་དང་འཕེལ་རྒྱས་ཁྲོད་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་ཐུབ་པ་བྱེད་དགོས། རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས། ཡུལ་དེ་གར་འཚམ་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་ཞབས་ཞུ་མཁོ་སྤྲོད། འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ནས། རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དེ་བས་ལེགས་པར་སྐོང་བའི་བདེ་སྐྱིད་ཐོན་ལས་སུ་བཏོད་དེ། ཞིང་འབྲོག་པ་ཚོར་སྔོ་ལྗང་རི་ཀླུང་དང་ཞིང་གྲོང་གི་མཛེས་ལྗོངས་ཡོད་པ་དང་ཆབས་ཅིག རང་སོ་སོའི་སྒོ་རྩར་འབབ་འཕར་ཕྱུག་འགྱུར་ཐུབ་ནས་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་སྐྱོད་ཐུབ་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།