ལིའུ་ཅང་གིས་དུས་ཆེན་རིང་གི་ལས་རེས་དང་ལས་སྒྲུབ་མི་སྣར་བརྟག་ཞིབ་དང་འཚམས་འདྲི་གནང་བ།
ཟླ་2ཚེས་17ཉིན་ནི་ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས་གཅིག་རེད་ལ། བོད་ཀྱི་ལོ་གསར་གྱི“གནམ་གང”ཡང་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་རྫོང་རྒྱབ་ཀླུ་ཁང་དམངས་ཕན་ཉེན་དོན་ཞབས་ཞུའི་ས་ཚིགས་དང་། ལྷ་ལྡན་གཙུག་ལག་ཁང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཆུ་ཚོད་24ཡི་རིག་ནུས་ཅན་གྱི་བཟོ་ཚོགས་ས་ཚིགས་སོགས་སུ་ཕེབས་ནས། དུས་ཆེན་རིང་གི་ལས་རེས་ལས་སྒྲུབ་དང་བདེ་འཇགས་བརྟན་ལྷིང་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་བཀོད་གཏོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་ལས་བྱེད་ལས་བཟོ་ཚོར་བླ་ན་མེད་པའི་གུས་འདུད་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
ཐང་མིང་དབྱིན་དང་ཀྲུའུ་ཧྲོའུ་ཁོའོ་ལྷན་དུ་ཞུགས་ཡོད་པ་རེད།
རྫོང་རྒྱབ་ཀླུ་ཁང་དམངས་ཕན་ཉེན་དོན་ཞབས་ཞུའི་ས་ཚིགས་སུ། ལིའུ་ཅང་གིས་ལས་རེས་དང་ལས་སྒྲུབ་གྲ་སྒྲིག་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་ནང་མི་ལྷན་འཛོམས་ཀྱི་ཉིན་མོ་ཞིག་ཡིན་པས་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ལས་གནས་བརྟན་སྲུང་དང་། རྒྱུན་མཐུད་འབད་འཐབ། ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེ་མོར་ལྟ་རྟོག་བཅས་བྱས་ཏེ། གངས་ལྗོངས་ས་མཐོའི་ཁྱིམ་ཚང་མང་པོའི་བདེ་འཇགས་བསྲུངས་ཡོད། ཚང་མས་མུ་མཐུད་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱས་ཏེ་ང་ཚོའི“དཀའ་ངལ”གྱི་སྟོན་གྲངས་ལ་བརྟེན་ནས་མང་ཚོགས་ཀྱི“བདེ་སྐྱིད་ཀྱི་སྟོན་གྲངས”མང་དུ་བཏང་སྟེ་རྒྱ་ཆེའི་མང་ཚོགས་དུས་བདེ་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་དུས་ཆེན་སྐྱིད་པོ་ཞིག་གཏོང་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
གཙུག་ལག་ཁང་དུ་ཡུལ་སྐོར་བ་མང་པོ་ཡོད་པ་དང་མི་ཉུང་བ་ཞིག་ནི་ཆེད་མངགས་བོད་དུ་ལོ་གསར་གཏོང་བར་ཡོང་བ་རེད། ལིའུ་ཅང་ལ་ཀྲེ་ཅང་ནས་ཡོང་བའི་ཡུལ་སྐོར་ཚོགས་པ་འཕྲད་དེ་ཡུལ་སྐོར་བ་དང་ཕན་ཚུན་ལོ་གསར་གྱི་སྨོན་འདུན་ཞུ་རེས་གནང་བ་རེད། ཁོང་གིས། ཁྱེད་ཚོ་བོད་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་རྣམ་པ་མྱོང་རོལ་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། འདི་གའི་རི་ཆུའི་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་སོགས་ཚང་མས་གངས་ལྗོངས་ས་མཐོའི་སྤྲོ་སེམས་དང་སྨོན་འདུན་མཚོན་ཡོད། ང་ཚོས་ངེས་པར་དུ་མཛེས་ལྗོངས་ཁུལ་གྱི་སྒྲིག་ལམ་སྲུང་སྐྱོང་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས། ཡུལ་སྐོར་བ་ཚང་མས་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཁོར་ཡུག་ཁྲོད་ནས་བོད་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྒོ་རྩའི་ཆུ་ཚོད་24ཡི་རིག་ནུས་ཅན་གྱི“བཟོ་ཚོགས་ས་ཚིགས། མངག་ཚོང་སྐྱེལ་མཁན་གྱི་ཁྱིམ་གཞིས”ཀྱིས་གཙོ་བོ་མངག་ཚོང་སྐྱེལ་མཁན་དང་། མྱུར་སྐྱེལ་བ། ཁོར་ཡུག་སྲུང་སྐྱོང་བཟོ་པ་སོགས་ལས་ཞུགས་རྣམ་པ་གསར་པའི་ཕྱི་རོལ་གྱི་ངལ་རྩོལ་པར་རིན་མེད་ངང་འཐུང་ཆུ་དང་ངལ་གསོ་དྲོད་ལེན་སོགས་ཀྱི་རྨང་གཞིའི་ཞབས་འདེགས་ཞུ་གི་ཡོད། ལིའུ་ཅང་གིས་དེ་གར་སྒྲིག་ཆས་ཆ་ཚང་ལ་དྲོ་སྐྱིད་ལྡན་པ་དང་སྐྱིད་སྣང་དོད་པོ་ཡོད་པ་གཟིགས་སྐབས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས། རིམ་ཁག་སྡེ་ཚན་ཁག་གིས་ལས་ཞུགས་མི་སྣའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་ཞབས་ཞུ་འགན་ལེན་དང་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཅེས་སྐྱོང་གི་སྲིད་ཇུས་ཁག་དོན་འཁྱོལ་དང་དེར་ཕན་འབྲས་ཐོན་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས། ལས་སྒྲུབ་མི་སྣ་ཚང་མ་གནས་བཟོད་བདེ་པོས་ངལ་རྩོལ་བྱེད་པ་དང་། སེམས་རྣལ་དུ་ཕབ་ནས་ལས་ཀ་བྱེད་པ། དྲོ་སྐྱིད་ལྡན་པའི་ངང་དུས་ཆེན་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ལིའུ་ཅང་གིས། རིམ་ཁག་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་བླང་བྱ་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་ཆེན་རིང་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་ལ་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱེད་པ་དང་། བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ནུས་ལྡན་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་ཏན་བྱེད་པ་དང་བརྩེ་སེམས་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཚད་ལྡན་ངང་ཁྲིམས་སྒྱུར་དང་ཡ་རབས་ལས་སྒྲུབ་བྱས་ཏེ། སྤྱི་ཚོགས་བདེ་འཇགས་གོ་རིམ་ལྡན་པ་དང་མང་ཚོགས་བདེ་སྐྱིད་ཁམས་བཟང་ཡོང་བའི་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་ལས་རེས་བཀོད་སྒྲིག་དང་ལས་སྒྲུབ་གྲ་སྒྲིག འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་ལས་དོན་པར་སེམས་ཁུར་དང་གཅེས་སྐྱོང་། ཚང་མ་ལུས་སེམས་བདེ་ཐང་ཡོང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དཔུང་ཁག་གི་འཐབ་ནུས་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།