ཡན་ཅིན་ཧའེ་ཡིས་འགོ་ཁྲིད་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། འཐབ་འཛིང་པ་རྒན་གྲས། རྨས་སྐྱོན་ཕོག་པའི་དམག་མི་སོགས་ལ་འཚམས་འདྲི་གནང་བ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ལྷ་སར་འགོ་ཁྲིད་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། འཐབ་འཛིང་པ་རྒན་གྲས། རྨས་སྐྱོན་ཕོག་པའི་དམག་མི་སོགས་ལ་འཚམས་འདྲི་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
“བཀྲ་ཤིས་བདེ་ལེགས” ཡན་ཅིན་ཧའེ་ཡིས་སྔ་རྗེས་སུ་ལས་བྱེད་པ་རྒན་གྲས་འོད་ཟེར་དང་བསོད་ནམས་རིག་འཛིན་གྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོ་དང་ཕན་ཚུན་མཇལ་དར་བསྒྲོན་རེས་གནང་བ་དང་སྨོན་འདུན་ཞུས་ནས་ཁོང་ཚོའི་འཚོ་བ་དང་བདེ་ཐང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཁོང་ཚོ་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས། ལས་བྱེད་པ་རྒན་གྲས་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ལེགས་སྐྱེས་ཧུར་ཐག་ཕུལ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་པ་རེད།
དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་སྐལ་བཟང་དར་རྒྱས་དགུང་ལོ་དགུ་བཅུར་ཕེབས་ཀྱང་སྔར་བཞིན་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་གནང་གི་ཡོད། ཡན་ཅིན་ཧའེ་ཡིས་བགྲེས་སོང་ཁོང་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་ཚོའི་ཁྱིམ་མི་དང་མཉམ་དུ་སྤྱིར་བཏང་མིན་པའི་ལོ་ཟླར་དྲན་གསོ་ཞུས་ནས་མཛེས་སྡུག་ལྡན་པའི་འཚོ་བའི་སྐོར་ལྷུག་པོར་གླེང་གནང་བ་རེད། ཡན་ཅིན་ཧའེ་ཡིས། བོད་ཞི་བས་བཅིངས་འགྲོལ་བཏང་བའི་བྱ་གཞག་ནི་འཐབ་འཛིང་པ་རྒན་གྲས་དང་བོད་སྐྱོད་པ་ཚོས་རང་ཉིད་ཀྱི་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་པ་དང་། ཁོང་གིས། འབྲེལ་ཡོད་སྡེ་ཚན་ཁག་དང་ལྷག་པར་དུ་གཞི་རིམ་རྩ་འཛུགས་ཁག་ལ་སྔར་རྒྱུན་བཞིན་འཐབ་འཛིང་པ་རྒན་གྲས་སོགས་ཀྱི་ཚོགས་སྤྱིར་སེམས་ཁུར་དང་དོ་ཁུར་བྱས་ཏེ་ཁོང་ཚོའི་འཚོ་བ་སྐྱིད་པོ་ཡོང་བ་དང་ཚེ་མཇུག་བདེ་སྐྱིད་ཡོང་བར་མཐུན་རྐྱེན་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
“ཁྱིམ་གྱི་འཚོ་བ་གང་འདྲ་འདུག” “ད་དུང་དཀའ་ངལ་འདུག་གམ”ཡན་ཅིན་ཧའེ་ཡིས་ལས་སྒྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་བུ་ཚེ་རིང་དང་། དམག་ལོག་དམག་མི་བཟང་དགའ། རྨས་སྐྱོན་ཕོག་པའི་དམག་མི་འཇིགས་མེད་བཅས་ཀྱི་ཁྱིམ་ལ་སྔ་རྗེས་སུ་ཕེབས་ནས་ཁོང་ཚོའི་ཁྱིམ་ཚང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། ཁོང་ཚོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། དམག་མིའི་རང་གཤིས་མུ་མཐུད་རྒྱུན་འཁྱོངས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བཅས་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།