ཝང་ཅུན་ཀྲེང་གིས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་བ།

འདི་ནི་ཝང་ཅུན་ཀྲེང་གིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་བཞུགས་མོལ་གནང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་བརྡ་ཁྱབ་གཏོང་བཞིན་པ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཁྲེང་ཏུའུ་དང་ལྷ་སར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས། ལེགས་མཆོག་དང་པ་སངས་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་མཚམས་འདྲི་གནང་ནས། ཁོང་ཚོས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་རྨང་གཞི་བརྟན་པོ་བཏིང་བ་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་ཚོར་སྐུ་གཟུགས་གསལ་ཐང་དང་། ཁྱིམ་ཚང་འཆམ་མཐུན། བྱ་བ་ལམ་ལྷོངས་བཅས་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
“ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་ས་ཆ་གང་དུ་ཕེབས་རིམ་བཞིན་ཝང་ཅུན་ཀྲེང་གིས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོར་མཇལ་དར་སྒྲོན་རེས་དང་སྨོན་འདུན་ཞུས་པ་དང་། ཁོང་ཚོའི་གཟུགས་གཞི་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་ཚང་མའི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པ་དང་། ཁོང་ཚོར་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་ལས་ཀའི་སྤྱོད་ཚུལ་བཟང་པོ་ལྡན་ཡོད། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་སྐུ་གཟུགས་ལ་ཐུགས་ཅག་དང་ལུས་སེམས་གཉིས་བདེ་ཡོང་བ་བྱས་ཏེ་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཐུན་མོང་ཐོག་བདེན་དཔང་གནང་རྒྱུར་སྙིང་ཐག་པ་ནས་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
དེ་རྗེས་ཝང་ཅུན་ཀྲེང་གིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་བཞུགས་མོལ་གནང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་ཚུལ་བརྡ་ཁྱབ་བཏང་བ་རེད། བཞུགས་མོལ་ཚོགས་འདུའི་ཐོག་འཆམ་མཐུན་དང་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་ཟབ་ཅིང་། ཝང་ཅུན་ཀྲེང་གིས་བློ་མཐུན་རྒན་གྲས་རེ་རེ་བཞིན་ལ་ཕྱག་བཏང་བ་དང་། མཛའ་གྲོགས་སྐོར་གླེང་བ། འབྱུང་འགྱུར་གྱི་འཕེལ་རྒྱས་དོན་གཉེར་བཅས་གནང་སྟེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་འདིར་ཕེབས་པའི་བློ་མཐུན་རྒན་གྲས་ཚོ་དང་ཁོང་ཚོ་བརྒྱུད་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་གི་རྒྱ་ཆེའི་ལས་བྲལ་རྒན་ཡོལ་ཞུས་པའི་ལས་བྱེད་པར་བླ་ན་མེད་པའི་གུས་འདུད་དང་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཞིག་ཡིན་པས། ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་དང་། གཏིང་ཟབ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ནས། སླད་ཕྱིན་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཡོད། དམིགས་ཚད་དེ་དག་མངོན་འགྱུར་བྱེད་པར་ཏན་ཏན་ཏིག་ཏིག་དང་བློ་བརྟན་འགྱུར་མེད་ངང་མདུན་ཕྱོགས་སུ་བསྐྱོད་དགོས་པ་དང་། དུས་མཚམས་རེ་རེ་བཞིན་སྐུལ་འདེད་ཏན་ཏིག་བཏང་ནས། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས “དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
ཝང་ཅུན་ཀྲེང་གིས་གསུངས་དོན། མི་རྒས་ཀྱང་སེམས་ཤུགས་མི་ཉམས་པར། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན། སྲོལ་རྒྱུན་བཟང་པོ་དར་སྤེལ། གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བཅས་གནང་སྟེ། སེམས་ནུས་གཅིག་སྒྲིལ་གྱིས་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། རིམ་ཁག་ཏང་ཨུད་ཀྱིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ལས་བྲལ་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཞབས་ཞུ་འགན་སྲུང་ལས་དོན་ཁག་སེམས་ནུས་ཡོད་རྒུས་ཡག་པོ་སྒྲུབ་པ། ཆབ་སྲིད་ཐད་བརྩི་འཇོག་དང་། བསམ་བློའི་ཐད་སེམས་ཁུར། འཚོ་བའི་ཐད་ལྟ་སྐྱོང་བཅས་དངོས་འབྲེལ་ཐུབ་པར་བྱས་ཏེ། ལས་བྱེད་པ་རྒན་གྲས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཚེ་མཇུག་བདེ་ལ་རོལ་ཐུབ་པར་བྱེད་དགོས།
འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་གསར་པར་སྙིང་ཐག་པ་ནས་དགའ་ཚོར་བྱུང་བ་དང་སྤོབས་པ་སྐྱེས་ཤིང་། ཚང་མས། བྱ་སྤྱོད་དངོས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད་ངར་ཤུགས་ཆེ་རུ་གཏོང་བ་དང་གཟི་བརྗིད་བསྣན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།