ཏང་འཛུགས་སྐྱོང་གིས་མཉམ་ཤུགས་ཆགས་པར་ཁྲིད་སྟོན་བྱས། རིག་གནས་ཡུལ་སྐོར་མཉམ་འདྲེས་འབྲས་བུ་གཡུར་དུ་ཟ།
—— ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་གིས་ཏང་འཛུགས་སྐྱོང་གི་ཐབས་མཆོག་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་མཉམ་ཕྱུག་གི་ཐབས་ལམ་འཚོལ་ཞིབ་བྱས་པ།

འདི་ནི་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གནའ་གྲོང་གི་རྣམ་པ་ཡིན་པ།
མང་ཚོགས་འབབ་འཕར་ཡོང་བར་བྱེད་པ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་དམིགས་ཚད་ཡིན་ལ། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཤིག་དེ་བས་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“1+3+N”གྱི་ལས་ཀའི་ལམ་སྲོལ་ལག་བསྟར་ཧུར་ཐག་བྱས་ཏེ། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལྟེ་བར་བྱེད་པ་དང་། ཐོན་ལས་སྣ་མང་ཐབས་ལམ་ལ་བརྩི་བ། རྨང་གཞིའི་འཛུགས་སྐྲུན་གྱི་རིམ་སྤོར་འདེགས་སྐྱོར་དུ་བྱེད་པ། གྲོང་གསེབ་བཅོས་སྐྱོང་རྨང་གཞིར་འཛིན་པ་བཅས་བྱས་ནས་ཐོན་ཁུངས་ཀྱི་གཙོ་རྒྱུ་སྐུལ་སློང་ནུས་ལྡན་བྱས་ཏེ། གྲོང་ཚོ་དང་ཁེ་ལས་ཀྱི་མཉམ་འགུལ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། 2024ལོར་མཚོ་མགོ་ཤང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་28902ཟིན་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་70ལྷག་ཙམ་ལ་སྣེ་ལེན་ཞུས་པ། ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་5ཡི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་860ལྷག་ཙམ་ཟིན་ཡོད་པ་རེད།
གྲོང་གསེབ་དར་རྒྱས་གཏོང་བའི“ཟམ་སྣེའི་བཙན་རྫོང”བརྟན་དུ་བཏང་བ།
ཉེ་བའི་ལོ་ཤས་རིང་། མཚོ་མགོ་ཤང་གིས“ཀྲི་པུའུ་དང་། ཁེ་ལས། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ལེགས་སུ་བཏང་ཞིང་། ཤང་ཡོངས་ཀྱི་ཏང་ཀྲི་པུའུ་10འབྲེལ་ཐག་ཏུ་བྱེད་པ་དང་། གྲོང་འབྲེལ་མཉམ་སྐྲུན་དང་དཔུང་སྒྲིལ་འཕེལ་རྒྱས་བཏང་བ་བརྒྱུད་གྲོང་ཚོ་ཁག་གི་ས་ཞིང་དང་། མཛེས་ལྗོངས། མི་ཤུགས་སོགས་ཀྱི་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ། མཉམ་དུ་མ་དངུལ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་རྣམ་གྲངས་མཉམ་དུ་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཡུལ་སྐོར་ལས་རིགས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ། གསོལ་མགྲོན་ཁང་ཆེ་གྲས་དང་སྤུས་ལེགས་ཁེ་ལས་རིག་གནས་ཡུལ་སྐོར་ཐོན་ལས་གསར་སྤེལ་ལ་གདན་འདྲེན་ཧུར་ཐག་ཞུས་པ། ཞིང་དུད་སྒྲིག་འཛུགས་བྱས་ནས་ས་ཞིང་མ་རྐང་དུ་འཇོག་པ་དང་། ཁང་པ་བོགས་མར་གཏོང་བ། གཉེར་སྐྱོང་ནང་ཞུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ནང་མཉམ་འདྲེས་ཐུབ་པ་བཅས་བྱས་པས“ཀྲི་པུའི་ཡིས་ཁ་ཕྱོགས་ཁྲིད་སྟོན་དང་། ཁེ་ལས་ཀྱིས་གསོན་ཤུགས་སྣོན་པ། ཞིང་དུད་ཀྱིས་ཡོང་འབབ་མཉམ་སྤྱོད”བཅས་བྱེད་པའི་མཉམ་འགུལ་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།
མཚོ་མགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཆོས་འཕེལ་གྱིས། “དེ་སྔོན་གྲོང་ཚོ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་པོ་མེད་པས་ཡུལ་སྐོར་ཐོན་ཁུངས་ཡག་པོ་དེ་འདྲ་ཡོད་ནའང་ག་བྱེད་འདི་བྱེད་མི་ཤེས། ད་ཆ་ཤང་ཏང་ཨུད་ཀྱི་སྣེ་ཁྲིད་འོག་གྲོང་ཚོའི་ཏང་ཀྲི་པུའུ་དང་ཁེ་ལས་ཀྱིས་ཁྲིད་སྟོན་བྱེད་པ་དང་། ཞིང་དུད་ཀྱིས་རྗེས་སུ་འབྲང་ནས་ལས་དོན་སྒྲུབ་ཀྱི་ཡོད་པས་སེམས་ཤུགས་ཆེན་པོ་འདུག”ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། མཚོ་མགོ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་ལས་དོན་ཧུར་ཐག་བསྒྲུབས་ཏེ་རྨིན་ཧྲན་ཚོགས་པ་དང་མཉམ་ལས་བྱས་ནས་ལོའི་བོགས་དངུལ་སྒོར་ཁྲི་180.4ཟིན་པ་མ་ཟད་ལོ་རེ་བཞིན་3%སྤོར་རྒྱུའི་གྲོས་མཐུན་ལོ་བཅུ་བཞག་པ་དང་། བོགས་མར་བླངས་པའི་གྲོང་ཚོ་ཧྲིལ་པོའི་ཁང་པ་སྟར་པ་55ཚང་མ་གཅིག་གྱུར་ཐོག་སྤུས་ལེགས་དམངས་སྲོལ་གནས་ཚང་དུ་བསྒྱུར་བས་གནའ་བོའི་གྲོང་ཚོའི་ཉམས་འགྱུར་ལྡན་ཡོད་ལ། བེད་སྤྱོད་མེད་པའི་རྒྱུ་ནོར་ཡང་ཕན་སྒྱུར་བྱུང་ནས་མང་ཚོགས་འབབ་འཕར་དང་གྲོང་ཚོའི་རྣམ་པ་ལེགས་སུ་ཕྱིན་ཡོད་པ་རེད།
བྲག་གསུམ་མཚོའི་ལྷོ་ངོགས་སུ་གནས་པའི་བྱེ་པ་གྲོང་ཚོ་ནི“སྣེ་ཁྲིད་འདུ་འགོད”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི“གསར་བརྗེའི་སྒུལ་ཤུགས”ཤིག་བཏོད་ཡོད།
བྱེ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་ཁྲིམས་ལྟར་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཀྱི་ཁྲིམས་མིའི་འགན་གཅིག་ལྕོགས་འཁུར་བཞིན་ཡོད་པ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཉེར་རྒྱུར་སྣེ་ཁྲིད་བྱས་ཏེ“ཧྲུའུ་ཅིའི་རྣམ་གྲངས”ཀྱི་ལམ་སྲོལ་ལག་ལེན་བསྟར་ནས། ཏང་ཡོན་12ཀྱིས་སྣེ་ཁྲིད་དེ་གྲོང་ཚོས་གཉེར་བའི་ཁེ་ལས་ནང་མ་རྐང་བཞག་པར་མང་ཚོགས་དུད་ཚང་48མཉམ་སྡེབ་ཐོན་ལས་ནང་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་ནས། “དུད་ཚང་ཚང་མར་དམངས་སྲོལ་གནས་ཚང་ཡོད་པ་དང་དུད་ཚང་ཚང་མར་འབབ་འཕར་ཡོང་བའི”མཉམ་འདུས་ཅན་གྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་ཡོད་པ་རེད།
བྱེ་པ་གྲོང་ཚོའི་ཡུལ་མི་བསོད་ནམས་སྒྲོལ་དཀར་གྱིས“ད་ཆ་ང་ཚོའི་གྲོང་ཚོའི་ཁྱིམ་ཚང་ཚང་མར་དམངས་སྲོལ་གནས་ཚང་ཡོད་པས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་ཀྱི་ཡོད་པ་དེ་དག་ཚང་མ་ཏང་ཀྲི་པུས་སྐུལ་ཁྲིད་ཡག་པོ་བྱས་པས་ཡིན”ཞེས་བརྗོད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི“དཔེ་མཚོན་གསར་པ”བཏོད་པ།
མཚོ་མགོ་ཤང་ནི་བྲག་གསུམ་མཚོའི་འགྲམ་ངོགས་སུ་གནས་པ་དང་འདི་གར་དྭངས་ཤིང་གཙང་བའི་མཚོ་དང་མཛེས་སྡུག་ལྡན་པའི་རི་བོ། ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོ་བཅས་གཅིག་ལ་གཅིག་བརྒྱན་བཞིན་གནས་ཡོད། ལོ་མང་རིང་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། མཚོ་མགོ་ཤང་ཏང་ཨུད་ཀྱིས་བྲག་གསུམ་མཚོའི་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་མིང་བྱང་གྲགས་ཅན་ལ་བརྟེན་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཤིང་མཚོ་དང་། གྲོང་མཚོ། བེ་ནང་ལུང་ཤུར། མཚོ་མགོ་གནའ་གྲོང་སོགས་ཡུལ་སྐོར་ཐོན་ཁུངས་ཀྱི་རིམ་སྤོར་དང་དྲིལ་བསྒྲགས་ཁྱབ་གདལ་བཏང་ནས“མཚོ་གཅིག་དང་གླིང་ཕྲན་གཅིག”གི་རྣམ་པ་རྐྱང་པའི་ལྟ་སྐོར་བྱེད་སྟངས་རིམ་བཞིན་མེད་པར་བཟོས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་སྣ་མང་ཅན་དང་མཉམ་འདྲེས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།
ལོ་འདི་དག་རིང་། ས་གནས་དེ་གས་ཕྱི་རོལ་གྱི་ལུས་རྩལ་འགྲན་བསྡུར་སྣ་ཚོགས་ལ་བརྟེན་ནས“ལུས་རྩལ་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི”བྱ་ཐབས་གཉིས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། 2025ལོར། བྲག་གསུམ་མཚོའི་བྱེ་རྒྱུག་སྐབས་དང་པོ་དང་བོད་ལྗོངས་ཉིང་ཁྲི་གནམ་ལྕགས་འབར་བའི་ས་མཐོའི་ལུས་རྩལ་འདུ་ཚོགས་རྒྱལ་སྤྱིའི་རླབས་གྲུའི་ཡོངས་བསྒྲགས་འགྲན་བསྡུར་སོགས་ཀྱི་འགྲན་བསྡུར་གཅིག་རྗེས་གཉིས་མཐུད་ངང་གཉེར་བར་ཕྱི་རོལ་ལུས་རྩལ་ལ་དགའ་པོ་བྱེད་མཁན་མང་པོའི་ཡིད་དབང་འཕྲོག་ཡོད་པ་རེད།
སྒྲོལ་མ་ནི་བྱེ་པ་གྲོང་ཚོའི་དམངས་སྲོལ་གནས་ཚང་གཉེར་སྐྱོང་བྱེད་མཁན་ཞིག་ཡིན་པ་དང་། ཁོང་གིས་དགའ་སྤྲོའི་ངང“འགྲན་བསྡུར་སྤེལ་བའི་ཉིན་དེ་དག་རིང་ཁང་པ་སྔ་ས་ནས་མངགས་ཚར་སོང་། འགྲུལ་པ་མང་པོ་ཞིག་འགྲན་བསྡུར་ཚར་རྗེས་ད་དུང་ཉིན་ཁ་ཤས་བསྡད་དེ་མཛེས་ལྗོངས་ཁུལ་གྱི་ཕུ་རུ་ཡོད་པའི་ལུང་གཞུང་གི་རི་ཆུར་ལྟ་བ་དང་། གནའ་གྲོང་སྐོར་བ། བོད་ཀྱི་དམིགས་བསལ་རིག་གནས་མྱོང་རོལ་བཅས་བྱས་སོང”ཞེས་བརྗོད།
གནས་འཕྲོད་ལས་འཚམ་གྱི“འཆར་གཞི་གསར་པ”བཀོད་པ།
མཚོ་མགོ་ཤང་ཏང་ཨུད་ཀྱིས་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ། གཞི་རིམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད། གྲོང་གསེབ་དར་རྒྱས་ཀྱི་ཕན་འབྲས་དེ་བས་མངོན་གསལ་དོད་པ་དང་བདེ་སྐྱིད་ཚོར་སེམས་དེ་བས་ཆེ་རུ་བཏང་ཡོད་པ་རེད།
འཕེལ་རྒྱས་ཀྱི་རྣམ་གྲངས་ཞུ་འབུལ་ཧུར་ཐག་བྱས་ནས་མ་དངུལ་སྣ་ཚོགས་བསྡུ་སྒྲིལ་བྱས་པ་བརྒྱུད། མཚོ་མགོ་ཤང་གིས་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བྱེ་པ་གྲོང་ཚོའི་དམངས་སྲོལ་གནས་ཚང་ཁྱུ་ཚོགས་རྣམ་གྲངས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། བྲག་གསུམ་གཞུང་ལམ་རིམ་སྤོར་སྒྱུར་བཀོད་བྱས་ནས་མཛེས་ལྗོངས་ཁུལ་དང་ཕྱི་རོལ་གྱི་འགྲིམ་འགྲུལ་སྲུབས་མེད་འབྲེལ་མཐུད་ཐུབ་པར་བྱས་ཡོད། བྲག་གསུམ་མཚོའི་རིག་ལྡན་མཛེས་ལྗོངས་ཁུལ་བསྐྲུན་ཏེ་རིག་ལྡན་ཡུལ་སྐོར་སྣེ་ཤན་པའི་མ་ལག་ཕྱོགས་་ཡོངས་ལ་ཁྱབ་པར་བྱས་ཡོད། བྱེ་པ་གྲོང་ཚོ་ནས་ཤིང་མཚོ་དང་མཚོ་མགོ་བར་གྱི་ཡུལ་སྐོར་ལྟ་སྐོར་རླངས་འཁོར་ཤར་གཏོང་ཐུབ་པར་བྱས་ནས་གྲོང་ཚོ་ཁག་གི་མཛེས་ལྗོངས་ས་ཚིགས་འབྲེལ་མཐུད་ཡག་པོ་ཐུབ་པར་བྱས་ཡོད། རྨང་གཞིའི་འཛུགས་སྐྲུན་རིམ་སྤོར་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ས་གནས་དེ་གའི་ཡུལ་སྐོར་སྒྲིག་བཀོད་དེ་བས་འཐུས་སྒོ་ཚང་བ་དང་མང་ཚོགས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཡོང་བར་བྱས་ཤིང་། མཚོ་མཇུག་གྲོང་ཚོའི་ཡུལ་མི་བློ་བཟང་གིས“ལམ་ཡག་པོ་བཟོས་པ་དང་། རླངས་འཁོར་ཤར་གཏོང་ཐུབ་པ། དྲ་རྒྱ་མགྱོགས་སུ་ཕྱིན་པ་བཅས་ལས། ང་ཚོའི་འཚོ་བ་སྟབས་བདེ་རུ་ཕྱིན་པ་མ་ཟད། ཡུལ་སྐོར་བ་ཡང་དེ་བས་ཡོང་འདོད་བྱེད་ཀྱི་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།
འབྲེལ་ཡོད་གསར་འགྱུར།