ཀརྨ་ཚེ་བརྟན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་དང་། “རྒན་གྲས་གསུམ”གྱི་མི་སྣ། ངལ་རྩོལ་དཔེ་བཟང་བ་སོགས་ལ་འཚམས་འདྲི་གནང་བ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་12ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་དང་། “རྒན་གྲས་གསུམ”གྱི་མི་སྣ། ངལ་རྩོལ་དཔེ་བཟང་བ་སོགས་ལ་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།
ཐང་མིང་དབྱིན་དང་སྒྲོལ་དཀར་ལྷན་དུ་འཚམས་འདྲི་གནང་བར་ཕེབས་ཡོད་པ་རེད།
རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སུ་ཀརྨ་ཚེ་བརྟན་གྱིས་རིགས་གཅིག་མཁས་ཅན་ཤེས་ལྡན་པ་དང་། ངལ་རྩོལ་དཔེ་བཟང་བ། དཀའ་ངལ་ཡོད་པའི་མང་ཚོགས། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། རྨས་སྐྱོན་ཕོག་པ་དང་དབང་པོ་སྐྱོན་ཅན་མི་དམངས་ཉེན་རྟོག་པའི་འཐུས་མི་སོགས་ལ་སྤྲོ་སེམས་འཁོལ་བའི་ངང་ཕྱག་བཏང་གནང་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་དཀར་གཙང་མཇལ་དར་བསྒྲོན་པ་དང་སྨོན་འདུན་བཟང་པོ་ཞུས་ཤིང་། ཁོང་གིས། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན་པས་ཚང་མས་ལས་གནས་ལ་གཞི་ཚུགས་པ་དང་འབད་འབུངས་ཡར་བརྩོན་དང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུ་བརྩོན་ལེན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་འཇོག་པ་དང་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད། ང་ཚོས་སེམས་ནུས་ཡོད་རྒུས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེར་གཏོང་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བཅས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ཏང་ཡོན་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ཀྱིས་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། དར་རྒྱས་གོང་འཕེལ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀརྨ་ཚེ་བརྟན་གྱིས་དམག་མི་འདས་པོའི་ནང་མི་ཀུན་བཟང་དང་། ཏང་ཡོན་རྒན་གྲས་པད་མ་མཚོ་མོ། དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་དབང་ཕྱུག བློ་མཐུན་རྒན་གྲས་སྐལ་བཟང་མགོན་པོ་བཅས་སོ་སོར་གཟིགས་པ་དང་འཚམས་འདྲི་གནང་ནས་ཚང་མ་དང་སྙིང་གཏམ་གསུང་རེས་གནང་བ་མ་ཟད། ཁོང་ཚོས་གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་སྤྱིར་བཏང་མིན་པའི་ལོ་ཟླར་དྲན་གསོ་བྱས་པ་ནན་ཏན་ངང་གསན་པ་དང་འཚོ་བ་དང་གཟུགས་གཞི་བདེ་ཐང་སོགས་ཀྱི་གནས་ཚུལ་ལའང་བཀའ་འདྲི་གནང་ནས་ཁོང་ཚོ་ནད་མེད་ཚེ་རིང་དང་བདེ་སྐྱིད་ཁམས་བདེ་ཡོང་བའི་སྨོན་འདུན་ཞུས་པ་རེད། ཀརྨ་ཚེ་བརྟན་གྱིས། ཏང་ཡོན་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན། གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་པ། བརྩེ་སེམས་འཆང་བ་དང་འགན་འཁྲི་ཁུར་ནས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། རྒན་རྒོན་ཚོར་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཚེ་མཇུག་ལོངས་སྤྱོད་ཐུབ་པར་བྱེད་དགོས། ཏང་ཡོན་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ཀྱི་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་དང་སྤྱི་ཚོགས་ཡོངས་སུ་བཟང་པོ་མཐོང་ན་མིག་ལྟོས་ཡར་འགྲན་དང་། དཔའ་བོ་གོང་དུ་བཀུར་བ། གདོང་ལེན་བརྩོན་ལེན་བཅས་བྱེད་པའི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་དགོས་ཞེས་གསུངས་པ་རེད།
འཚམས་འདྲི་གནང་བའི་བརྒྱུད་རིམ་ནང་ཀརྨ་ཚེ་བརྟན་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། དམངས་འཚོར་ཕན་འདོགས་པ་དང་། དམངས་སེམས་དྲོད་པ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་སྒྲུབ་པ། རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་བཅས་བྱས་ཏེ། ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས་པའི་ནན་བཤད་ཡང་ཡང་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།