ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།
ལིའུ་ཅང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་2ཚེས་10ཉིན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཕེབས་ཏེ་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཚོགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུའི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱི་ཚོགས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱེད་པ། སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་བདེ་འཇགས་བརྟན་ལྷིང་དང་། ཞི་མཐུན། གོ་རིམ་ལྡན་པ་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་དགོས།
ལིའུ་ཅང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། བསམ་བློ་གཅིག་སྒྲིལ་དང་། རྩ་འཛུགས་གཅིག་སྒྲིལ། འཐབ་ས་གཅིག་སྒྲིལ། མི་སེམས་གཅིག་སྒྲིལ་བཅས་ལ་ཤུགས་སྣོན་རྒྱག་དགོས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ་དང་། “ལས་རིགས་ལ་དོ་དམ་བྱེད་དགོས་ལ་ཏང་འཛུགས་སྐྱོང་ལའང་དོ་དམ་བྱེད་དགོས་པའི”འགན་འཁྲི་ནན་དུ་གཏོང་བ། “རྩ་འཛུགས་ལ་དོ་དམ”དང“ཏང་ཡོན་ལ་དོ་དམ”བྱེད་པར་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། གནད་སྨིན་ཇུས་བསྟར་ལ་རིགས་དབྱེ་མཛུབ་ཁྲིད་བཅས་བྱས་ཏེ། གསར་དར་ཁྱབ་ཁོངས་ཀྱི“ཁྱབ་པ་གཉིས”ལ་སྐུལ་འདེད་གཏོང་བ་དང་། “ནུས་པ་གཉིས”ཆེ་རུ་གཏོང་བ། “དཔུང་ཁག་གཉིས”འཛུགས་སྐྱོང་བཅས་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་དགོས། རིགས་ཁག་གི་སྤྱི་ཚོགས་ཚོགས་སྤྱིའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། འགལ་བ་དང་ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་རྐང་འཛིན་དཔུང་ཁག་སྟོབས་ཆེར་གཏོང་བ། གྲོང་གསེབ་དང་སྡེ་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱུན་མཐུད་ངང་གཞི་རིམ་གྱི་ཁུར་པོ་ཡང་དུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་གསོན་ཤུགས་ཀྱིས་ཁེངས་པ་དང་ལས་ཕྱོད་མཐོ་བའི་གཞི་རིམ་བཅོས་སྐྱོང་མ་ལག་ཧུར་ཐག་གཏོད་དགོས། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། “གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་དོན་འཁྱོལ་བྱེད་པ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ། དང་བླངས་ཞབས་ཞུ་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་གྲོས་འགོ་བསྡུ་རུབ་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ། སྤྱི་ཚོགས་ཀྱི་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་དོན་སྤེལ་བ་དེ་མང་ཚོགས་ཀྱི་བློ་ལ་བབ་པར་བྱེད་དགོས།
ལིའུ་ཅང་གིས་བླང་བྱ་བཏོན་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། བྱང་ཚད་མཐོ་བ། སེམས་ནང་མང་ཚོགས་འཆང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱོད་ཚུལ་ཉམས་སད་ཐེག་ཐུབ་པ་བཅས་བྱས་ཐོག་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།