དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་ཁྲིམས་རིག་པའི་ལྷན་ཚོགས་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་རྒྱ་ཆེའི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-09

    ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཁྲིམས་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་ལིའུ་ཅང་གིས་རང་སྐྱོང་ལྗོངས་ཁྲིམས་རིག་པའི་ལྷན་ཚོགས་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་རྒྱ་ཆེའི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དགོངས་འགྲེལ་གཏིང་ཟབ་གནང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དང་འགན་ལེན་དེ་བས་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ། ཀྲུང་གོ་ཁྲིམས་རིག་པའི་ལྷན་ཚོགས་རྒྱུན་ལས་ལས་འཛིན་གྱི་རྒྱ་ཆེའི་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ལྟར་ཁྲིམས་རིག་པའི་ལྷན་ཚོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལིའུ་ཅང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཁྲིམས་སྐྱོང་དང་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་དབར་ཕན་ཚུན་གཞོགས་འདེགས་བྱ་རྒྱུར་དེ་བས་མཐོང་ཆེན་དང་སྤྱི་ཚོགས་དྲང་གཞག་བདེན་སྐྱོང་ཡོང་བར་དེ་བས་འགན་ལེན་དང་སྐུལ་འདེད་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ་ཁྲིམས་སྐྱོང་ལག་ལེན་ལ་ཞབས་འདེགས་ཞུ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་རིག་པའི་ཞིབ་འཇུག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས།

    ལིའུ་ཅང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་ཞིབ་འཇུག་དང་འཆད་འགྲེལ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་བོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་གངས་ལྗོངས་ས་མཐོར་དེ་བས་བདེ་སྐྱིད་སྐྲུན་ཐུབ་པ་བྱེད་དགོས། གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འཛུགས་ཞིབ་འཇུག་དང་། ཁྲིམས་སྒྱུར་ཁྲིམས་འཛིན་ལག་ལེན་ཞིབ་འཇུག ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་བཅོས་སྐྱོང་ཞིབ་འཇུག ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ཞིབ་འཇུག་བཅས་གཏིང་ཟབ་བྱེད་དགོས། “བརྒྱ་གཉིས”ཀྱི་ཁྲིམས་སྐྱོང་སྒྲོག་འགྲེལ་དང“གཞི་རིམ་དུ་སྐྱོད་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་ལ་བརྩི་མཐོང་དང་། སྒྲིག་སྲོལ་ལ་བརྩི་སྲུང་། གན་རྒྱར་བརྩི་འཇོག དྲང་གཞག་སྲུང་སྐྱོང་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

    ལིའུ་ཅང་གིས་བླང་བྱ་བཏོན་གནང་དོན། སྲིད་ཁྲིམས་སྒྱུར་བཅོས་ལ་ཞབས་འདེགས་ཞུ་བའི་ཐད་ཕན་འབྲས་དངོས་དོན་གཉེར་དང་བྱས་རྗེས་གསར་པ་འཇོག་པ་དང་། ཁྲིམས་འཛུགས་དང་། ཁྲིམས་སྒྱུར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་སྒྱུར་བཅོས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་གི་གཅིག་གྱུར་དང་དབང་གྲགས་མཐའ་གཅིག་ཏུ་སྲུང་དགོས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་ཐད་ཕན་འབྲས་དངོས་དོན་གཉེར་དང་བྱས་རྗེས་གསར་པ་འཇོག་པ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་གཞི་རིམ་དུ་ཁྱབ་པ་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་ཐོབ་སྣང་ཆེ་རུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བའི་ཐད་ཕན་འབྲས་དངོས་དོན་གཉེར་དང་བྱས་རྗེས་གསར་པ་འཇོག་པ་དང་རང་འགུལ་ངང་རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།