ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ།
ཟླ་2ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་ནན་ཏན་དང་། རང་ལྗོངས་ཀྱི་འབྲེལ་ཡོད་ལས་དོན་གྱི་སྙན་སེང་གསན་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་1ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱུན་སྲིང་ལྷོད་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཧུར་ཐག་སྒྱུར་དགོས། རང་འགུལ་ངང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པར་བྱེད་པ། གསར་དར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་བྱེད་པ། སྲོལ་རྒྱུན་ཐོན་ལས་ལེགས་སུ་དང་གོང་མཐོར་གཏོང་བ་བཅས་བྱས་ཏེ། བོད་ཀྱི་དོན་དངོས་དང་མཐུན་ལ་ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། ས་མཐོར་སྤྱོད་གོ་ཆོད་པའི་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཚན་རྩལ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཟིགས་སྐྱོང་སྲིད་ཇུས་གནད་སྨིན་མཁོ་འདོན་ལ་ཤུགས་སྣོན་རྒྱག་པ། ལྟ་འདོམས་དང་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། 2025ལོའི་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་། སྤྱི་བདེ་དང་དུག་འགོག་ཚན་པའི་ལས་དོན་སྤེལ་ཚུལ་བཅས་ཀྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། དུས་བབ་དང་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན། མཐའ་ཚད་ཀྱི་བསམ་བློ་བརྟན་པོར་འཛུགས་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ། འཐོམ་སྦྲིད་ཀྱི་བསམ་བློ་དང་། ལྷོད་གཡེང་གི་བསམ་པ། སྟེས་དབང་གི་སེམས་ཁམས་བཅས་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། རིམ་ཁག་སྡེ་ཚན་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱེད་པ་དང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། གཙོ་གནད་ཐོག་དམངས་འཚོའི་ཚོང་ཟོག་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྡོད་བྱ་བཀོད་སྒྲིག་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་དགའ་སྤྲོ་འཆམ་མཐུན་དང་དུས་བདེ་སྐྱོན་བྲལ་གྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་པ་དང་2025ལོའི་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་པ་དང་། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ལས་དོན་ཁག་རང་རྟོགས་ངང་འཆར་འགོད་དང་སྐུལ་འདེད་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པའི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་པུའུ་ཀྲང་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཅུས་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་2025ལོའི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་དང་ཡིག་འབུལ་ཞུ་བཅར་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་བཅའ་ཁྲིམས་དང་སྲིད་ཇུས་ལྟར་མི་དམངས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་དྲུག་པའི་སྐོར་གཟིགས་དག་ཐེར་གནས་ཚུལ་དང་རེས་སྐོར་བརྒྱད་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཁག་གིས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བ། “དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་། དག་ཐེར་ནུས་ལྡན་མ་བྱུང་བ་དང་དག་ཐེར་ལ་དམ་འཛིན་ཡག་པོ་མ་བྱས་པ་ནི་འགན་འཛོལ་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དངོས་འཛིན་བཙན་འཐབ་བྱེད་ཕོད་པ་བཅས་བྱས་ཏེ་དངོས་འཛིན་དངོས་བཅོས་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས། སྐོར་གཟིགས་ཀྱི“ལེའུ་རྗེས་མའི”ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་དང་། སྐོར་གཟིགས་དག་ཐེར་གྱི་གྲུབ་འབྲས་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ། དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་དུས་ཐོག་ཏུ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བ། གནད་དོན་ཐག་གཅོད་མ་ཐུབ་ན་ལྷོད་གཡེང་མི་གཏོང་བ་དང་ཐག་གཅོད་མཐར་ཕྱིན་མ་བྱུང་ན་མཚམས་འཇོག་མི་བྱེད་པ། གནད་དོན་ཐག་གཅོད་བྱེད་རིང་ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ་དང་། ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྐོར་གཟིགས་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། སྐོར་གཟིགས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐོར་གཟིགས་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་ཐུབ་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།