དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-03

    ཟླ་2ཚེས་2ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་འཐུས་མིས་ཚོགས་ཆུང་ཁག་བགོས་ཀྱིས་གོ་གནས་དགོངས་ཞུའི་རེ་ཞུ་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འདེམས་བསྐོ་བྱ་ཐབས་ཀྱི་འཆར་ཟིན་ལ་གྲོས་ཞིབ་གནང་བ་དང་། གདམ་བྱའི་འོས་མིའི་མཚན་ཐོའི་འཆར་ཟིན་ལ་ནང་མོལ་དང་། འདེམས་ཤོག་ལྟ་ཞིབ་པ་འདེམས་པ། གྲོས་ཆོད་འཆར་ཟིན་ཁག་ལ་གྲོས་ཞིབ་བཅས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟླ་བ་ཚེ་རིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།

    གྲོས་ཞིབ་བྱ་ཡུལ་དུ་འཐུས་མི་རྣམས་ཀྱིས་སྙིང་སྟོབས་རབ་འཕེལ་ངང་དགོངས་ཚུལ་ལྷུག་པོར་གླེང་བ་རེད། འཐུས་མི་ཚོས། ཚོགས་ཆེན་གྱིས་འཐུས་མིའི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་པ་དང་། འདེམས་བསྐོ་བྱ་ཐབས་ཀྱི་འཆར་ཟིན་དང་། གདམ་བྱའི་འོས་མིའི་མཚན་ཐོའི་འཆར་ཟིན། གྲོས་ཆོད་ཀྱི་འཆར་ཟིན་ཁག་སོགས་ལ་བཟོ་བཅོས་ནན་ཏན་བྱས་ནས་འཐུས་སྒོ་ཚང་དུ་བཏང་སྟེ། གྲོས་ཆོད་ཀྱི་འཆར་ཟིན་ཁག་ལ་མགྲིན་གཅིག་ཏུ་མོས་མཐུན་བྱས་པའི་ངོས་འཛིན་གནང་བ་རེད། ཚང་མས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

    འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས་སྙན་སྒྲོན་གྱི་བརྗོད་དོན་ཁ་གསལ་བ་དང་བསམ་ཕྱོགས་གསལ་པོ་ཡོད་པས། ཀྲུང་དབྱང་གི་བླང་བྱ་དང་བོད་ཀྱི་དོན་དངོས་དང་མཐུན་པ་དང་གནད་དོན་ལ་དབྱེ་ཞིབ་དངོས་ཡོད་ལུགས་མཐུན་ཡིན་པར་བརྟེན་མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་སྐབས་འཐུས་མི་ཚོས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ཆ་ཚང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱས་པ་དེ་ཐོག་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པའི་གདེང་ཚོད་དང་ཆོད་སེམས་གང་ལེགས་མཚོན་པའི་ངོས་འཛིན་གནང་བ་རེད།

    འཐུས་མི་རྣམས་ཀྱིས“ཁང་གཉིས”ཀྱིས་མུ་མཐུད་དམངས་ཆེད་ཁྲིམས་འཛིན་མཐའ་འཁྱོངས་དང་ཁྲིམས་ལྟར་ཕྱོགས་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་སྔར་བས་ཧུར་ཐག་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་རང་འགུལ་ངང་ཞབས་འདེགས་ཞུ་བ། མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོང་དེ་བས་ཏན་ཏིག་བྱེད་པ། རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ཏེ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པ”སྤུས་ཚད་མཐོ་པོས་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།