ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད།
(2026ལོའི་ཟླ་2ཚེས་2ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་2026ལོའི་ཟླ་1ཚེས་30ཉིན་ནས་ཟླ་2ཚེས་2ཉིན་བར་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་འདུར་ཕེབས་ནས་ཨུ་ཡོན་དང་ལྷན་དུ་གྲོས་མོལ་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཇུས་ཆེན་ལ་ལྷན་དུ་གྲོས་མོལ་དང“དོན་ཆེན་བཞི”དོན་འཁྱོལ་བྱེད་པར་ལྷན་དུ་ཇུས་འགོད་གནང་བ་རེད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་ཨུ་ཡོན་ལ་གཟིགས་པ་དང་། མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་མ་ཟད། མཇུག་འགྲིལ་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་སྟེ། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པར་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་གནང་བ་དང་། ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ། སྲིད་གྲོས་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་ཆེད་དོན་གྲོས་མོལ་ཚན་པའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དང་རེ་བ་ནན་པོ་བཅོལ་གནང་ཡོད།
ཚོགས་འདུའི་ཐོག་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་ནས་ཆོག་མཆན་གནང་བ་དང་། ཀྲུའུ་ཞི་གཞོན་པ་སྒྲོལ་དཀར་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་གནང་ནས་ཆོག་མཆན་གནང་བ། ལང་ཧྥུའུ་ཁོན་དང་ཟླ་བ་དངོས་གྲུབ་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་འདེམས་དང་། རྗེ་དྲུང་བསྟན་པའི་རྒྱལ་མཚན་དང་བསོད་ནམས་གྲགས་པ་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལ་གསབ་འདེམས་བྱས་ཡོད། ཨུ་ཡོན་རྣམ་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་གནང་ནས་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་མ་ཟད་གྲོས་བསྡུར་ཡང་གནང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་འཆར་ཟིན་དང་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག་འཆར་ཟིན་ལ་གྲོས་བསྡུར་གནང་བ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་དང་དེ་བཞིན་སྙན་སྒྲོན་གཞན་དག་སོགས་གསན་པ་མ་ཟད་གྲོས་བསྡུར་གནང་ནས་དེ་དག་ལ་ཡོངས་སུ་མོས་མཐུན་གནང་བ་དང་འབྲེལ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་ཤོས་ཀྱི་ཐོག་ནས་སྲིད་དོན་ཇུས་འབུལ་གཏིང་ཟབ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱས་ནས། འཛུགས་གཏོད་རང་བཞིན་དང་སྤྱོད་འཐུས་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་དག་ཅིག་བཏོན་ཏེ། ལོ་གསར་པར་ཚད་ལོན་གྱི་འགན་སྒྲུབ་རྒྱུགས་ལན་ཞིག་ཕུལ་ནས། རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་དང་། དམངས་ཀྱི་དོན་དུ་རང་འགན་གཙང་སྒྲུབ་བྱེད་པའི་འགན་འཁྲི་འཁུར་སེམས་མངོན་པ་དང་། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ཉམས་འགྱུར་མངོན་ཡོད། ཚོགས་འདུ་དངོས་སྒྲུབ་ནུས་ཆེ་དང་། སྤྱོད་གཙང་གཞུང་དྲང་གི་ཐོག་ནས་སྐོང་འཚོགས་ཐུབ་པ་དེ་ནི་མཐུན་སྒྲིལ་དང་། དམངས་གཙོ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མངོན་པར་བྱས་ཡོད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུ་བའི་ལོ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ། བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། གཞིས་རྩེའི་དིང་རིའི་ས་ཡོམ་ལ་མཛུབ་སྟོན་གལ་ཆེན་གནང་བ། ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་པས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་ཡིད་ཆེས་དང་གདེང་ཚོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་སེམས་གཅིག་མཐུན་དང་འབད་འབུངས་ཡར་བརྩོན་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་བསྒྲུབས་པ། “དོན་ཆེན་བཞི”ལ་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་པས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་དང་ལས་འགན་གཙོ་བོ་ཡོངས་སུ་ལེགས་གྲུབ་བྱུང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཡོད།
ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། རང་སྐྱོང་ལྗོངས་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས། ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱ་རྒྱུ་མཐའ་འཁྱོངས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ནས། གཞུང་འཁྱོངས་གསར་འབྱེད་དང་མཐུན་སྒྲིལ་ཡར་བརྩོན། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད། ཏང་གི་འགོ་ཁྲིད་འགྱུར་མེད་སྟོབས་ལྡན། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་མུ་མཐུད་ཟབ་གཏོང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཏན་ཏིག གྲོས་མོལ་སྲིད་གླེང་ནུས་ཆེ་གནད་སྨིན་བཅས་བྱས་པར་བརྟེན། ཇུས་འདོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་འགན་སྒྲུབ་ཀྱི་གྲུབ་འབྲས་ལེགས་པ་དང་། སྤུས་ཚད་མཐོ་བ། ལན་ཆ་ཡག་པ་བཅས་བྱུང་ནས“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་དང་། དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། ད་ལོའི་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་དང་ལྡན་པ་ཞིག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག དེ་བཞིན་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ཐོག བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མི་སེམས་གཅིག་སྒྲིལ་དང་། ངོས་འཛིན་གཅིག་མཐུན། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། གཡོ་འགུལ་སྤུ་ཙམ་མེད་པར་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་དགོས་པ་མ་ཟད། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ་ཨུ་ཡོན་གྱི་དཔེ་ཀློག་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་། ཆབ་སྲིད་གསོ་སྦྱོང་བཅས་རྒྱུན་རྣམ་ཅན་དུ་སྤེལ་ཐོག མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་། བསམ་བློའི་ཐད་མཉམ་དུ་ཡར་རྒྱས། བྱ་སྤྱོད་ཐད་གོམ་སྟབས་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཆེད་དོན་གྲོས་མོལ་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལྟེ་བ་དང་སྤྱི་ཡོངས་ལ་དམ་པོར་དམིགས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག དམངས་གཙོའི་ལྟ་སྐུལ་བཅས་བྱས་ནས། གྲོས་མོལ་མཉམ་འགུལ་གཏིང་ཟབ་དང་། བསམ་འཆར་གང་ལེགས་མཚོན་པ། ཐུན་མོང་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱེད་པ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། བསམ་བློ་ཆབ་སྲིད་ཀྱིས་ཁྲིད་སྟོན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ“གངས་ལྗོངས་སེམས་མཐུན”གྱི་འགན་སྒྲུབ་སྤུས་རྟགས་རྒྱུན་མཐུད་གཏོད་པ་དང་། “འབྲེལ་བ་ལྔ”དང་། “གཏམ་རྒྱུད་ཤོད་པ” “གྲོགས་པོ་སྒྲིག་པ”བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་སྟོབས་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་དགོས། སྔར་ལས་ལྷག་པའི་སྒོ་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ“དཔུང་ཁག་གཉིས”འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོས་མོལ་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་དུ་ཏན་ཏིག་བསྒྱུར་དགོས།
ཚོགས་འདུའི་ཐོག་འབོད་སྐུལ་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག དེ་བཞིན་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཤུགས་སྒྲིལ་སེམས་མཐུན་དང་འབད་འབུངས་མདུན་སྐྱོད་བྱས་ཏེ། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱི་རྣམ་པ་གསར་པ་བཏོད་དེ་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པའི་ཁྲོད་སྲིད་གྲོས་ཀྱི་འགན་འཁྲི་ཧུར་ཐག་མངོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།