དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-02

    ཟླ་1ཚེས་31ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་རེད།

    གྲོས་ཞིབ་གནང་རིང་། འཐུས་མི་ཚོས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་ཞིང་། ཡན་ཅིན་ཧའེ་ཡིས་གསན་ཞོར་དུ་ཟིན་བྲིས་བཀོད་གནང་བ་མ་ཟད། སྐབས་སྐབས་སུ་ལན་ཡང་བསྐྱོན་གནང་བ་རེད། ཁོང་གིས། 2025ལོ་ནི་བོད་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ཞིང་། གཙོ་འཛིན་གྱི་ཐུགས་ཁུར་ལས་མི་རྣམས་ལ་ངར་ཤུགས་འཕེལ་བ་དང་། འགག་སྒྲོལ་དཀའ་སེལ་ལས་སྙིང་རུས་མངོན་པ། དམངས་འཚོ་ལེགས་སུ་བཏང་བ་ལས་འབད་འབུངས་ཀྱི་ཐོག་མའི་བསམ་འདུན་མངོན་པ། མདུན་ལམ་ཡག་པོ་ལས་གདེང་ཚོད་འཕེལ་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ལས་སྒྲུབ་གཙོར་འཇོག་དང་དངོས་སྒྲུབ་ཀྱིས་ཐ་སྐྱོང་བ་ཞིག་ཡིན་པས། དམིགས་ཚད་ཁ་གསལ་བ་དང་། བྱེད་ཐབས་ནུས་པ་ལྡན་པ། ནང་དོན་ཕུན་སུམ་ཚོགས་པ། རྩོམ་སྲོལ་བབ་ཆགས་པ་བཅས་ཡོད་པ་དང་འདས་ཟིན་པའི་ལོ་གཅིག་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་སྤྱི་ཡོངས་ཀྱི་ཡར་ཐོན་ལ་ཕྱོགས་ཡོངས་ནས་ཕྱི་མིག་བལྟས་ཡོད། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནི“དོན་ཆེན་བཞི”དང“འཛུགས་གཏོད་བཞི”དོན་འཁྱོལ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི“འབད་འཐབ་ཀྱི་ལེའུ”ཞིག་ཡིན་པས་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། རྒྱང་ལམ་གསར་པར་གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དངོས་འཛིན་དངོས་སྒྲུབ་དང་འབད་བརྩོན་ལྷོད་མེད་དང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས། སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཐད་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བ་དང་སྒོ་དབྱེར་བརྟེན་ནས་གསོན་ཤུགས་རྒྱས་རྒྱུ་མཐའ་འཁྱོངས་ཀྱིས“རྒྱུད་གཅིག་ལམ་གཅིག”དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་མཐོ་ས་ཧུར་ཐག་གཏོད་དགོས། འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་ཐད་འགན་འཁྲི་འཁུར་སེམས་མངོན་པར་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ལེགས་ཆའི་ཐོན་ལས་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་དང་ཚད་གཞིའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁྱད་ལྡན་ཡུལ་ཟོག“ཐོན་རྫས་རྩེ་གྲར”འགྱུར་བ་དང་ཐོན་ཁུངས“འབབ་ཁུངས”ལ་འགྱུར་བར་བྱེད་དགོས། མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་དང་ཕྱིར་གླ་པ་རྒྱུག་པ་སོགས་ཀྱི་ལས་དོན་སྒྲིག་འཛུགས་ཧུར་ཐག་དང་སྔོན་ནས་ཇུས་འགོད་ཡག་པོ་བྱས་ཏེ། ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་བརྟན་པོ་ཡོང་བ་དང་རྒྱུན་མཐུད་འབབ་འཕར་ཡོང་བར་རོགས་རམ་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་ཕོངས་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་དགོས། མཐའ་སྲུང་མཐའ་དར་ཐད་འགན་འཁྲི་འཁུར་སེམས་མངོན་པར་བྱས་ནས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་ལྟེ་བའི་དམིགས་ཚད་ལ་དམིགས་ནས། ཞན་ཆ་བསལ་ནས་མཐའ་མཚམས་མི་དམངས་ཀྱི་འཚོ་བ་སྔར་བས་སྤུས་ཚད་ལྡན་པ་དང་མཐའ་སྲུང་ལ་སྔར་བས་གདེང་ཚོད་ལྡན་པར་བྱེད་དགོས། མོས་སེམས་ཟབ་ཏུ་གཏོང་བའི་ཐད་འགན་འཁྲི་འཁུར་སེམས་མངོན་པར་བྱས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་ཏན་ཏིག་སྤེལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བཏོད་པར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་འབད་བརྩོན་ལྷོད་མེད་དང་སྙིང་རུས་བརྟན་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

    ལིའུ་ཅང་དང་། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀྲུའུ་ཧྲོའུ་ཁོའོ་བཅས་གྲོས་ཞིབ་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།