ཀརྨ་ཚེ་བརྟན་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
ཟླ་1ཚེས་31ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་རེད།
གྲོས་ཞིབ་གནང་རིང་། འཐུས་མི་ཚོས་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གང་བསམ་ལྷུག་པོར་གླེང་བ་མ་ཟད། འཕེལ་རྒྱས་དོན་གཉེར་དང་། ཐབས་བཟང་འདོན་པ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་བྱས་པས་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། ཀརྨ་ཚེ་བརྟན་གྱིས་གསན་ཞོར་དུ་ཟིན་བྲིས་བཀོད་གནང་སྟེ་ས་གནས་ས་ཐོག་ཏུ་ལན་ཡང་བསྐྱོན་གནང་ཞིང་། ཁོང་གིས། ཚང་མས་དམིགས་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་སོང་བས། ང་ཚོས་ལེགས་སྒྲིག་དང་། ཞིབ་འཇུག བསྡུ་ལེན་བཅས་ནན་ཏན་བྱས་ནས། དེ་ཉིད་ལས་དོན་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱ་ཐབས་སུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ཀརྨ་ཚེ་བརྟན་གྱིས་བསྟན་དོན། 2025ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་ཡོད། ང་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པར”འབད་འཐབ་བྱེད་པའི་གདེང་ཚོད་དང་ཆོད་སེམས་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས་བསྟན་དོན། ལྷོ་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་དམིགས་བསལ་ཁྱད་ཆོས་ལྡན་པ་དང་། ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ཚུགས་གནས་དེ་བས་མཐོ་བ་མངོན་པར་བྱེད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། ཡར་ཀླུང་གཙང་པོའི་དཔལ་འབྱོར་རྒྱུད་དུ་ཞབས་ཞུ་དང་མཉམ་འདྲེས་བྱེད་པའི་ཐད་གོ་སྐབས་དེ་བས་ཆེ་བ་སྟངས་འཛིན་བྱེད་པ་དང་། རང་ངོས་ཀྱི་ངེས་གནས་གནད་འཁེལ་ངང་འཚོལ་བ། ས་ཁོངས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ལྷོ་ཁའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་དགོས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཚད་གཞི་དེ་བས་ནན་པོ་མཐའ་འཁྱོངས་བྱས་ཏེ་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ། སྐྱེ་ཁམས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ཐད་བྱ་ཐབས་སྔར་བས་ཏན་ཏིག་སྤྱད་ནས་མཐའ་མཚམས་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། མཐའ་མཚམས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ལས་བྱེད་པ་དང་མང་ཚོགས་དེ་བས་མང་བར་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཡག་པོ་ཞིག་བྱེད་པར་ལྕག་སྐུལ་བྱེད་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་སེམས་ནུས་སྔར་བས་མང་བ་བཏོན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། དམངས་འཚོའི་བྱ་བ་དངོས་ཏན་ཏིག་སྒྲུབ་པ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་དགོས།
ལའེ་ཅའོ་དང་། ཞུས་ཁྲེང་ཚང་། འཇམ་དཔལ། ཚེ་རིང་ཕུན་ཚོགས་བཅས་གྲོས་ཞིབ་ལ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།