དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལའེ་ཅའོ་དང་། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ལ་ཁག་སོ་སོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-02

    ཚོགས་འདུ་གཉིས་ཀྱི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལའེ་ཅའོ་དང་། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འབྲེལ་ཡོད་འཐུས་མི་ཚོགས་པར་ཁག་སོ་སོར་ཞུགས་ནས་འཐུས་མི་ཚོ་དང་ལྷན་དུ་གྲོས་ཞིབ་གནང་བ་རེད།

    ལའེ་ཅའོ་ཡིས་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གསུངས་དོན། ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་མི་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་སྐུལ་གྱི་སྙན་སྒྲོན་ཡག་པོ་ཞིག་དང་འཆར་གཞི་ཡག་པོ་ཞིག་རེད། འདས་ཟིན་པའི་ལོ་གཅིག་ནང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་དང་། དུས་རབས་གསར་པའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་གལ་ཆེན་བདེ་བླག་ངང་འགོ་ཚུགས་པ། དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་རྒྱལ་ཁ་ཆེན་པོ་ཐོབ་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བཅས་ལས་རང་སྐྱོང་ལྗོངས་སྲིད་གཞུང་གི་ལག་བསྟར་གྱི་ལས་ཕྱོད་དང་གྲུབ་འབྲས་ཏན་ཏིག་གང་ལེགས་མངོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ངེས་པར་དུ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། 《སྙན་སྒྲོན》ནང་ཁ་གསལ་བཏོན་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ནས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་དང་། རྒྱུགས་སྤྲོད་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་རྒྱུགས་སྤྲོད་ལ་བརྟེན་ནས་ལས་བྱེད་པ་འདེམས་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རིང་འགན་ནུས་ཡག་པོ་འདོན་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

    རེན་ཝེ་ཡིས་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ང་རང་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་དང་། ཁོང་གིས་2025ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་བཏང་བས“ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུ་ཐུབ་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། མ་དངུལ་འཇོག་པའི་གྲུ་རྡོ་ལྟ་བུའི་ནུས་པ་མུ་མཐུད་བཏོན་ནས་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་དགོས། ཐོན་ལས་དར་རྒྱས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་སྐུལ་ཁྲིད་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་འཛད་སྤྱོད་ཆེར་སྤེལ་བྱས་ནས་ཐོན་རྫས་དང་ཞབས་ཞུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་མཐུད་རྒྱ་སྐྱེད་བཏང་ནས་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་རིགས་ཁག་གི་རང་བྱུང་གནོད་འཚེ་འགོག་བཅོས་དང་ཁ་གཏད་འཇལ་བའི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས། ཆབ་མདོ་གྲོང་ཁྱེར་གྱིས་གཞི་རིམ་བཅོས་སྐྱོང་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་། ནུས་རྒྱུ་གཙང་མ་དང་རིག་གནས་ཡུལ་སྐོར་ལ་དམ་པོར་དམིགས་པ། ཁྱད་ལྡན་ཐོན་ལས་མ་ལག་འཛུགས་པ། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་ཏེ་ཆབ་མདོ་འདི་ཉིད་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་བོད་ཤར་གྱི་ལྟེ་བའི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

    ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུངས་དོན། ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ཏང་ཨུད་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་། མང་ཚོགས་ཀྱི་རེ་སྒུག་ལ་ལན་འདེབས་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལག་ལེན་བསྟར་བ། གྲུབ་འབྲས་གཡུར་དུ་ཟ་བ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས། འཐབ་ཇུས་ཀྱི་བཀོད་པ་དང་། དུས་རབས་ཀྱི་ཁྱད་ཆོས། དམངས་འཚོའི་དྲོ་སྐྱིད་བཅས་སྡེབ་གཅིག་ལ་མངོན་ཡོད། སྙན་སྒྲོན་དང་འཆར་འགོད་ཀྱི་རྩ་གནད་ལ་ང་རང་རྦད་དེ་མོས་མཐུན་ཡོད། ང་ཚོས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དང་བླང་བྱ་རབ་དང་རིམ་པ་དང་དེ་བཞིན་ད་ཐེངས་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འགན་འཁྲི་འཁུར་སེམས་དེ་བས་ཆེ་བའི་ཐོག་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། བྱས་རྗེས་དེ་བས་ཆེ་བ་བཞག་ནས་རང་འགན་གཙང་སྒྲུབ་བྱེད་པ། སྤྱོད་ཚུལ་དེ་བས་ནན་པའི་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་ཞིག་བྱེད་དགོས།

    ཟླ་བ་ཚེ་རིང་གིས་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུངས་དོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲུབ་འབྲས་ལ་ཕྱོགས་སྡོམ་དྲང་གཞག་དང་དངོས་ཡོད་བྱས་པ་དང་། དམིགས་ཚད་དང་ལས་འགན་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པ། བཀོད་སྒྲིག་ལས་དོན་ཕྱོགས་ཡོངས་དང་གོ་རིམ་ལྡན་པ་བཅས་ཡིན་པས་རྦད་དེ་མོས་མཐུན་ཡོད། 2025ལོར་གཞིས་རྩེ་གྲོང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གསར་ལ་ལེགས་ཕྱོགས་སུ་འཕེལ་བ། ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱུན་མཐུད་རྒྱ་ཆེར་ཕྱིན་པ། མཛེས་སྡུག་ལྡན་པའི་གཞིས་རྩེ་འཛུགས་སྐྲུན་ལ་ཕན་འབྲས་ཐོན་པ། མཐའ་མཚམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་ཕྱིན་པ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་བྱུང་བ་བཅས་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་རྣམ་པ་གསར་པ་མངོན་ཡོད། གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་གྱིས“ལྟེ་བའི་གྲོང་ཁྱེར་གཉིས”ཀྱི་འཛུགས་སྐྲུན་ལ་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་ཏན་ཏིག་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་སྒོ་དབྱེའི་སྤུས་ཕན་ཆེ་རུ་གཏོང་བ། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཞིས་རྩེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    བསོད་ནམས་ཉི་མས་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུངས་དོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ཞིབ་ཚགས་ལ་དངོས་གཉེར་དང་། གཙོ་གནད་འབུར་དུ་ཐོན་པ། མཐུན་སྒྲིལ་ལྕག་སྐུལ། འབད་འབུངས་ཡར་སྐུལ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་རྦད་དེ་མོས་མཐུན་ཡོད། 2025ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དཔལ་འབྱོར་དམིགས་ཚད་ཁག་བརྒྱད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། ལས་དོན་ཁག་བཀྲག་མདངས་འཚེར་བ་དང་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཡོད། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་ལོ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་ཡིན་པས། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཁྲི་དང་ལས་འགན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ། འཐབ་ཕྱོགས་གཅིག་གྱུར་གྱི་དགེ་མཚན་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཐུན་སྒྲིལ་དང་འཐབ་རྩོད་ལ་སྤྱི་འདོམས་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་རྒྱུན་མཐུད་ཟབ་ཏུ་གཏོང་བ། ཆོས་ལུགས་ལས་དོན་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

    བསྟན་པས་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུངས་དོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ང་ཚོས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པས་ང་རང་རྦད་དེ་མོས་མཐུན་ཡོད། ན་ནིང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནག་ཆུའི་ལས་དོན་ཁག་ལ་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལེགས་གྲུབ་ཅུང་ཡག་པོ་བྱུང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་འཁྱོངས་ཡག་པོ་ཐུབ་པ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ་བཅས་ལས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ནག་ཆུ་འཛུགས་སྐྲུན་ལ་གོམ་སྟབས་བརྟན་ལ་གསར་པ་སྤོས་ཡོད། གོམ་སྟབས་རྗེས་མར། ནག་ཆུ་གྲོང་ཁྱེར་གྱིས་ལས་ཞུགས་འབབ་འཕར་ཐད་ཤུགས་སྣོན་བརྒྱབ་སྟེ་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་ཚོགས་སྤྱི་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཤུགས་སྣོན་བརྒྱབ་སྟེ་རང་བཤེར་རང་བཅོས་ནན་ཏན་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་དག་ཐེར་ལ་སྐུལ་འདེད་མྱུར་པོ་གཏོང་བ། ཐོན་ལས་འཕེལ་རྒྱས་ཐད་ཤུགས་སྣོན་བརྒྱབ་སྟེ་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།

    ཅང་ཝུན་ཕེང་གིས་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུངས་དོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་ཁ་གསལ་ཞིང་དམ་པ་དོན་གཉེར་དང་ལག་ལེན་གཙོ་བོར་བཟུང་ཡོད་པས། སེམས་ནུས་གཅིག་སྒྲིལ་དང་ངར་ཤུགས་འཕེལ་བའི་སྙན་སྒྲོན་ཡག་པོ་ཞིག་རེད། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་བས་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”དེ་བས་མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དེ་རིམ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་སྒྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་ཏེ། དོན་དངོས་ལ་གཞིགས་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་དམངས་ཆེད་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློའི་ཐོག་ནས“རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་གངས་ལྗོངས་ས་མཐོའི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།