རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ།
ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ལིའུ་ཅང་བཅས་ཞུགས་པ།
ཟླ་2ཚེས་1ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་འཐུས་མིས་ཚོགས་ཆུང་ཁག་བགོས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ་བཅས་ཁག་སོ་སོས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ལ་ཞུགས་པ་རེད།
གྲོས་ཞིབ་བྱ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད། འཐུས་མི་ཚོས་རང་འཁྲིའི་འགན་སྒྲུབ་ཀྱི་ཉམས་མྱོང་དང་གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་གཏམ་བཤད་ཧུར་ཐག་སྤེལ་ནས་རང་རང་གི་བསམ་ཚུལ་ལྷུག་པོར་གླེང་བ་རེད། འཐུས་མི་ཚོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། བསམ་བློའི་ནང་དོན་ཕུགས་སུམ་ཚོགས་པ། ཕྱོགས་ལྔའི་ཐད་ནས་འདས་ཟིན་པའི་ལོ་གཅིག་རིང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་འགན་སྒྲུབ་ཀྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། ལོ་གསར་པའི་ལས་འགན་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། སྙན་སྒྲོན་གྱི་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱབ་པ་ལས། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་། ཁྲིམས་སྐྱོང་གི་སྟོབས་ཤུགས། དམངས་ལ་བཅངས་པའི་བརྩེ་སེམས་བཅས་གང་ལེགས་མངོན་ཡོད། དེ་ནི་དམ་པ་དོན་གཉེར་དང་། གཙོ་གནད་མངོན་གསལ་དོད་པ། སྙིང་སྟོབས་རབ་འཕེལ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ལ་གཞིགས་ནས། འཐུས་མི་ཚོས། ཕྲག་ཐོག་གི་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། མུ་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས། གཞི་རིམ་གྱི་ཉམས་མྱོང་དང་མང་ཚོགས་ཀྱི་རེ་སྒུག་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ཏེ། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། འཐུས་མི་ཚོས“ཁང་གཉིས”ཀྱི་སྙན་སྒྲོན་གྱི་བརྗོད་དོན་ཁ་གསལ་བ་དང་། ནང་དོན་ཞིབ་ཅིང་ཕྲ་བ། དཔེ་གཞི་གསོན་ཉམས་དོད་པ་བཅས་ཡོད་པས། འདས་ཟིན་པའི་ལོ་གཅིག་རིང་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་ཀྱི“ཁང་གཉིས”ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཡོད། སྙན་སྒྲོན་ནང་ལོ་གསར་པའི་ལས་དོན་བཀོད་སྒྲིག་གི་བསམ་ཕྱོགས་ཁ་གསལ་བ་དང་། གཙོ་གནད་མངོན་གསལ་དོད་པ། བྱ་ཐབས་ནུས་ལྡན་བཅས་ཀྱི་ཐོག་ནས་ཁྲིམས་འཛིན་ལས་ཁུངས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གང་ལེགས་མཚོན་པས། རྦད་དེ་མོས་མཐུན་ཡོད་ཅེས་མགྲིན་གཅིག་ཏུ་ངོས་འཛིན་གནང་བ་རེད།
འཐུས་མི་ཚོས“ཁང་གཉིས”ཀྱིས་གཙོ་འགན་གཙོ་ལས་ལ་དམ་པོར་དམིགས་ཏེ་སྤྱི་ཚོགས་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་ལེན། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲུང་སྐྱོང་བཅས་ལ་དམ་པོར་དམིགས་ཏེ། ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་ཁྲིམས་འཛིན་གྱི་འདེགས་སྐྱོར་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།