དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོཌ་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

    ཝང་ཅུན་ཀྲེང་དང་། ཀརྨ་ཚེ་བརྟན། ལིའུ་ཅང་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་པ་དང་། ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-02

    ཟླ་2ཚེས་1ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ཚོགས་ཆེན་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

    ཚེས་1ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་པ་རེད།

    ཚོགས་འདུར་ཞུགས་དགོས་པའི་འཐུས་མི་412ཡོད་པ་དང་དངོས་སུ་ཞུགས་མཁན་འཐུས་མི་371ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

    ཝང་ཅུན་ཀྲེང་དང་། ཀརྨ་ཚེ་བརྟན། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་། ཞུས་ཁྲེང་ཚང་། འཇམ་དཔལ། ཀྲང་ཧུང་པོ། ཐང་མིང་དབྱིན། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་། ལིའུ་ཀོང་ཤུས་བཅས་དང་། དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ་རེད།

    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ཚོགས་ཆེན་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ་རེད། ཁོང་གིས། 2025ལོ་ནི་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་པ་དང་། སྐུ་ངོ་མས་འཕྲིན་ལན་གལ་ཆེན་སྤྲིངས་པ། སྐུ་ངོ་མས་མཛུབ་སྟོན་གལ་ཆེན་གནང་བ་བཅས་ལས། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་མི་རིགས་ཀྱི་སྙིང་སྟོབས་ཤུགས་ཆེན་འཕེལ་བ་དང་། རྒྱལ་གཅེས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་པ་བཅས་བྱུང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཆེན་མོའི་མཛད་སྒོ་དང་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི“དོན་ཆེན་གཉིས”སྤུས་ཚད་མཐོ་ཞིང་ལས་ཆོད་ཆེན་པོས་ལེགས་པར་སྒྲུབ་པ་དང་། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བ། “ལོ་ལྔ་ཚན་བཅོ་ལྔ་པ”ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གོམ་སྟབས་གསར་ལ་བརྟན་པོ་སྤོས་ཡོད། ལོ་གཅིག་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་བསྟུན་ནས་མཐའ་སྐྱོང་བོད་བརྟན་གྱི་དགོས་མཁོ་དངོས་དང་མི་དམངས་མང་ཚོགས་ཀྱི་འབོད་སྒྲ་དང་རེ་སྒུག་ལ་དམ་པོར་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། ལས་དོན་ཁག་གཞུང་འཁྱོངས་གསར་འབྱེད་ཁྲོད་སྤུས་འབྲས་ལེགས་གཉེར་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་མངོན་པར་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བོད་ཀྱི་ལག་ལེན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་དང་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།

    ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་ཕྱོགས་5ཡི་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། བློ་སྒྲིལ་སེམས་སྐྱེད་མངོན་གསལ་དོད་དུ་བཏང་སྟེ་ཆབ་སྲིད་ཀྱི་ཚུགས་གནས་ཇེ་མཐོར་བཏང་བ་དང་། དངོས་སྒྲུབ་གོ་ཆོད་མངོན་གསལ་དོད་དུ་བཏང་སྟེ་ཁྲིམས་འཛུགས་ལས་དོན་ཐད་གོམ་སྟབས་གསར་པ་སྤོས་པ། བཙན་ཐབས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་བཏང་སྟེ་ལྟ་སྐུལ་ལས་དོན་ལ་འཕེལ་རྒྱས་གསར་པ་མངོན་པ། སྟོབས་ཤུགས་དང་བློ་གྲོས་གཅིག་སྡུད་མངོན་གསལ་དོད་དུ་བཏང་སྟེ་འཐུས་མིའི་ལས་དོན་ལ་ཕན་འབྲས་གསར་པ་ཐོན་པ། རྩ་སྲ་རྨང་བརྟན་མངོན་གསལ་དོད་དུ་བཏང་སྟེ་རང་ངོས་འཛུགས་སྐྱོང་ལ་རྣམ་པ་གསར་པ་ཐོན་པ་བཅས་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གྲུབ་འབྲས་དེ་ལྟར་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཁ་སྒྱུར་ཕྱོགས་སྟོན་དང་དམིགས་བསལ་ཐུགས་ཁུར་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་མཐོན་པོར་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བ་ལས་བྱུང་བ་ཞིག་ཡིན་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཛུབ་ཁྲིད་ཞིབ་ཚགས་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མི། ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བཅས་ཀྱིས་འགན་འཁྲི་ནན་ཏན་ངང་བསྒྲུབས་པ་དང་དཀའ་ངལ་ཁྱད་བསད་ཀྱིས་ལས་དོན་བསྒྲུབས་པའི་འབྲས་བུ། རང་སྐྱོང་ལྗོངས་ཀྱི“སྲིད་གཞུང་གཅིག་དང་། ཨུ་ལྷན་གཅིག ཁང་གཉིས”བཅས་དང་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཞོགས་འདེགས་དམ་ཟབ་དང་ཤུགས་སྒྲིལ་རོགས་ལས་བྱས་པའི་འབྲས་བུ། མི་རིགས་ཁག་གི་མང་ཚོགས་ཁྲི་370ཡིས་ཡིད་ཆེས་གང་ལེགས་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་བཅས་ཀྱང་རེད།

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད། ཡན་ཅིན་ཧའེ་ཡིས་ཆབ་སྲིད་ཀྱི་ཁ་ཕྱོགས་སྔར་བས་བརྟན་དུ་གཏོང་བ་དང་། ཁྲིམས་བཟང་སྐྱོང་མཁས་ལ་སྔར་བས་སྐུལ་འདེད་གཏོང་བ། ལྟ་སྐུལ་གྱི་སྤུས་འབྲས་སྔར་བས་ཆེ་རུ་གཏོང་བ། འཐུས་མིའི་ནུས་པ་སྔར་བས་འདོན་པ། ཉམས་སད་ཐེག་པའི་དཔུང་ཁག་སྔར་བས་གཏོད་པ་སོགས་ཕྱོགས་ལྔའི་ཐད་ནས་འདི་ལོའི་ལས་དོན་ལ་རྒྱས་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཚེ་བརྟན་གྱིས་སྙན་སྒྲོན་ནང་ཕྱོགས་དྲུག་གི་ཐད་ནས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། སྲིད་གཞུང་དང་སྲིད་གྲོས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱེད་པ་དང་། “ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་ཚོར་གང་ཐུབ་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ། “སྤྱི་ཡོངས་གཅིག་ལ་དམིགས་ཏེ་མཐོར་གཏོང་བརྒྱད་མངོན་འགྱུར་བྱེད་པའི”སྤྱིའི་བསམ་ཕྱོགས་ལ་གཞིགས་པ་བཅས་བྱས་ཏེ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ་དང་ཁྲིམས་འཛིན་དྲང་གཞག་ནན་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད།

    ཚེ་བརྟན་གྱིས་སྙན་སྒྲོན་ནང་། 2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་བཅས་རེད་ཅེས་ནན་བཤད་གནང་བ་རེད། ཁོང་གིས་ཕྱོགས་ལྔའི་ཐད་ནས་འདི་ལོའི་ལས་དོན་གྱི་འཆར་གཞི་སྙན་སྒྲོན་གནང་བ་སྟེ། གཅིག་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་རྒྱུ་དང་། གཉིས་ནི་འགན་འཁྲི་གཙང་སྒྲུབ་ཆེ་རུ་གཏོང་རྒྱུ། གསུམ་ནི་དམངས་ཆེད་ཀྱི་དམིགས་ཡུལ་བློ་ལ་བརྟན་པོར་འཆང་རྒྱུ། བཞི་ནི་སྤུས་འབྲས་ལེགས་གཉེར་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་རྒྱུ། ལྔ་ནི་ཉམས་སད་ཐེག་པའི་དཔུང་ཁག་གཏོད་རྒྱུ་བཅས་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་གྱིས་སྙན་སྒྲོན་ནང་། ཕྱོགས་བཞིའི་ཐད་ནས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་འགོ་ཁྲིད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན། སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་ཀྱི་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་ཏེ་རང་རྟོགས་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་ཆེད་དུ་འགན་འཁྲི་འཁུར་བ་བཅས་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་པས་ཞིབ་དཔྱོད་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོན་ཡོད་པ་རེད།

    ཤཱ་ཁེ་ཆིན་གྱི་སྙན་སྒྲོན་ནང་། ཆབ་སྲིད་ཐད་ཀྱི་ལྷག་བསམ་བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྟེ་བའི་ལས་དོན་ལ་དམིགས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ། རང་འགན་དང་འབྱུང་ཁུངས་མཐའ་འཁྱོངས་བྱས་ནས་བཅའ་ཁྲིམས་ལྟ་སྐུལ་གྱི་སྤུས་འབྲས་ལེགས་གཉེར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་ངང་གྱོད་གཞི་སྒྲུབ་པའི་བྱང་ཚད་དང་འཇོན་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་2026ལོའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།