རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ།
ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ལིའུ་ཅང་བཅས་ཞུགས་པ།
ཚེས་31ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚོགས་ཆུང་ཁག་བགོས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད(འཆར་ཟིན)དང་འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་དང་། སྔོན་རྩིས་སྙན་སྒྲོན་དང་འཆར་ཟིན་ལ་ཞིབ་བཤེར་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་བཅས་ཁག་སོ་སོས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ལ་ཞུགས་པ་རེད།
འཐུས་མི་ཚོགས་པ་ཁག་གི་ཚོགས་རར་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམ་པོར་དམིགས་ཏེ། ངོས་འཛིན་གླེང་བ་དང་། མྱོང་ཚོར་བརྗོད་པ། གྲོས་འགོ་འདོན་པ། ཕུགས་འདུན་གླེང་བ་བཅས་གནང་བ་རེད། ཚང་མས། སྙན་སྒྲོན་གྱི་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་དངོས་ཐོག་བདེན་འཚོལ་གྱིས་ཕྱིར་མིག་བལྟས་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་ལ་ལུགས་མཐུན་ཁྱོན་ཡོངས་ཀྱིས་ཕྱོགས་སྡོམ་བྱས་པ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་2026ལོའི་ལས་དོན་བཀོད་སྒྲིག་གི་ཁ་ཕྱོགས་དང་དམིགས་ཚད་ཁ་གསལ་ཞིང་། མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་རྦད་དེ་མོས་མཐུན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་དུ་གསུངས་པ་རེད།
འཐུས་མི་ཚོས། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་སླར་ཡང་བོད་དུ་གཟིགས་ཞིབ་གནང་བར་ཕེབས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་པ། དིང་རིའི་ས་ཡོམ་རིམ་པ་6.8ལ་མཛུབ་སྟོན་གལ་ཆེན་གནང་བ་བཅས་ལས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་གདེང་ཚོད་དང་ཆོད་སེམས་ལ་སྐུལ་མ་ཆེན་པོ་ཐེབས་པའི་ངོས་འཛིན་གནང་ཡོད། ལོ་གཅིག་གི་རིང་། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7%འཕར་ནས་སྒོར་དུང་ཕྱུར་3000གི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6%དང་7.4%སོ་སོར་འཕར་ནས་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པས། ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་འོད་སྟོང་འཕྲོ་བའི་རྒྱུགས་ལན་ཞིག་ཕུལ་ཡོད།
འཐུས་མི་ཚོས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་ཕྱིན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱིས་གོམ་སྟབས་བརྟན་པོ་སྤོས་པ་བཅས་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད(འཆར་ཟིན)ཀྱིས་བོད་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་གནས་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་འབྱུང་འགྱུར་ལོ་ལྔའི་རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་འཆར་འགོད་བྱས་པ་དང་། དམིགས་ཚད་ཁ་གསལ་བ་དང་ཐབས་ལམ་གནད་ལ་སྨིན་པ་ཞིག་ཡིན་པས། ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་། བོད་ཀྱི་དོན་དངོས་དང་དམ་པོར་འབྲེལ་བ། མི་དམངས་ཀྱི་རེ་སྒུག་དང་འཚམ་པ་བཅས་ཡིན་པའི་ངོས་འཛིན་གནང་ཡོད།
འཐུས་མི་ཚོས། བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། སྔར་བས“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། རང་འཁྲིའི་ལས་གནས་སུ་གཞི་ཚུགས་པ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ལུས་ཚུགས་ཏེ་བྱ་བ་དངོས་སྒྲུབ་པ་དང་། ཐབས་ཇུས་དངོས་དོན་གཉེར། ཕན་འབྲས་དངོས་འཚོལ་བ་བཅས་བྱས་ཏེ། སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བར་འགན་ལེན་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།