དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-01

    ཟླ་1ཚེས་31ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

    ཟླ་1ཚེས་31ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཁོང་གནས་སའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་དང་། གཏིང་ཟབ། གནད་འཁེལ་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཆེད་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཧུར་ཐག་འབུལ་དགོས།

    ལྷ་སའི་འཐུས་མི་ཚོགས་པའི་རྣམ་པ་འཁྲུག་ཆ་དོད་པ་དང་འཐུས་མི་རྣམ་པས་གཏམ་བཤད་ཚ་ཚ་འུར་འུར་ངང་སྤེལ་གནང་ཞིང་། ཤའོ་ཡིའུ་ཚའེ་དང་། ཝང་ཆང་། ཐང་ཀོན་ཀྲུང་། བསྟན་འཛིན་ཆོས་གྲགས། བསྟན་འཛིན་ཚེ་རིང་། སྐར་མ་ཡོན་ཏན། ཕུར་སྒྲོན། སྒོར་སྒོར་སོགས་འཐུས་མི་ཚོས་བརྟག་ཞིབ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་མྱུར་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ཆེད་ལས་རྩལ་ནུས་ཀྱི་ཤེས་ལྡན་པའི་གོ་མིང་དཔྱད་ཞིབ་ལམ་སྲོལ་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། ཝང་ཅུན་ཀྲེང་གིས་གཏམ་བཤད་གསན་ཞོར་ཟིན་བྲིས་བཀོད་གནང་བ་དང་། ཚང་མ་དང་སྤེལ་རེས་གནང་ནས་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བློ་མཐུན་ཀརྨ་ཚེ་བརྟན་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་བརྟེན་ནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་གནང་བ་དང་། གྲུབ་འབྲས་ཕྱོགས་སྡོམ་གནང་བ་དངོས་ཡོད་དང་ཆ་ཚང་བ། ལས་དོན་བཀོད་སྒྲིག་གནང་བ་གཙོ་གནད་མངོན་གསལ་དོད་པ་བཅས་ཡོད་པས་ང་ཡང་རྦད་དེ་མོས་མཐུན་ཡོད།

    ཝང་ཅུན་ཀྲེང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་ལྷ་སར་ལྗོངས་ཡོངས་དང་མཉམ་དུ་འགྱུར་ལྡོག་གཏིང་ཟབ་བྱུང་ཞིང་། ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ། སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་ལ་རྒྱུན་མཐུད་ཤུཌ་སྣོན་རྒྱག་པ། དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། རྒྱ་ཆེའི་ལས་བྱེད་པས་སེམས་ཤུགས་གཅིག་སྒྲིལ་དང་ངར་ཤུགས་ཆེར་སྐྱེད་ཀྱིས་ལས་དོན་སྒྲུབ་པའི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད། ལྷ་ས་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་ཚུཌ་གནས་མཐོ་རུ་བཏང་སྟེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་བཞི་པའི་དགོངས་དོན་ཕྱོཌ་ཡོངས་དང་། གཏིང་ཟབ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཏོན་གནང་བའི་འཐབ་ཇུས་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། ལས་དོན་ཁག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་བོད་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་། འཆར་འགོད། སྐུལ་གཏོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་མུ་མཐུད་ཡག་པོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་འདོམས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞི”དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་བ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། བརྟན་ལྷིང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ལས་འགན་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱེད་པ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་སྔར་བས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་པོ་བཏིང་ནས་ལྷ་ས་སྔར་བས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་པ། རྣམ་གྲངས་ཀྱི་གནས་ལ་བརྟེན་ནས་ཐོན་ལས་ཀྱི་རྒྱུད་ལ་སྐུལ་ཁྲིད་དང་དཔལ་འབྱོར་གྱི་ཁྱོན་ལ་རྒྱ་སྐྱེད་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་པོ་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཁྲོད་མ་འཇོག་གི་གསོན་ཤུགས་འཕེལ་བར་བྱེད་པ། འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་གཏིང་ཟབ་སྔོག་པ། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་ལེན་བསྟར་བ། འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུར་ཤུགས་རྒྱག་པ། འཛད་སྤྱོད་ཀྱི་དགོས་མཁོ་གསར་པར་སྐུལ་ཁྲིད་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། དམངས་འཚོ་རྒྱུན་མཐུད་འགན་སྲུང་དང་ལེགས་སུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་བྱ་བ་དངོས་ཞིབ་ཚགས་ངང་སྒྲུབ་པ་དང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། གཞི་རིམ་དུ་བསྐྱོད་ནས་ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་ནན་ཏན་བསྟར་བ། མི་དམངས་རྣམས་གྲོང་ཁྱེར་འཛུགས་སྐྲུན་གྱི་བྱེད་པོའི་གནས་བབ་ཐོག་འཇོག་པ། མི་རྩ་བར་འཛིན་པར་སྔར་བས་མཐོང་ཆེན་བྱེད་པ། གྲོང་ཁྱེར་འཕེལ་རྒྱས་ཀྱི་འདུ་ཤེས་སྒྱུར་བ། ཚན་རིག་རང་བཞིན་གྱི་འཆར་འགོད་དང་དེང་རབས་ཅན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་འཛུགས་སྐྲུན་གྱི་བཀོད་སྒྲིག་ཧྲིལ་པོ་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་རིག་གནས་ཐོན་ཁུངས་སྣ་ཚོགས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ། གྲོང་ཁྱེར་གྱི་ཁྱད་ཆོས་དང་ཉམས་འགྱུར་འབུར་དུ་ཐོན་པར་བྱེད་པ། ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་མངོན་པར་བྱེད་པ། གྲོང་ཁྱེར་གསར་སྒྱུར་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚོ་བ་དང་ལས་ཀའི་ཁོར་ཡུག་ཡག་པོ་སྐྲུན་པ། བདག་པོའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས་ལྷ་ས་གྲོང་ཁྱེར་འདི་ཉིད་གསར་གཏོད་དང་། སྡོད་མལ་ལ་འཚམ་པ། མཛེས་སྡུག་ལྡན་པ། མཉེན་ཤུགས་ལྡན་པ། ཤེས་དཔལ། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་མགྱོགས་པོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་སྐྱེད་ཚལ་སྔོ་འགྱུར་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ནས“ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་གིས་བརྒྱན་པ་དང་། ལོ་བཅུའི་ནང་ལྷ་ས་སྔོ་འགྱུར་ཡོང་བའི”འགན་ལེན་བྱེད་དགོས། མཐའ་མཚམས་སྟོབས་ཆེན་གྱི་རྒྱབ་ཕྱོགས་ཆེན་པོ་ཧུར་ཐག་བསྐྲུན་ཏེ། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་བྱེད་རིང་གི་འགན་འཁྲི་དང་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཞབས་ཞུ་འགན་སྲུང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། གཉིས་བཀུར་མཉམ་སྐྲུན་གཏིང་ཟབ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་ཏན་ཏིག་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་རིམ་ཁག་ཏང་རྩ་འཛུགས་དེ་བས་སྟོབས་དང་ནུས་པ་ལྡན་པ་ཞིག་ཏུ་སྐྲུན་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཞི་རིམ་ལ་དམ་འཛིན་ནན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོ་འཛུགས་པ། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དེ་འཐབ་འཛིང་གི་མཁར་རྫོང་བརྟན་པོ་ཞིག་ཏུ་ཧུར་ཐག་བསྐྲུན་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཆོས་ཉིད་དང་སྒྲིག་སྲོལ་ལྟར་བྱ་བ་བསྒྲུབས་ནས་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། ཕན་འབྲས་དངོས་ཐོན་པ། ངར་ཤུགས་འཕེལ་བ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་དགོས། རྒྱུན་མཐུད་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་འགྱུར་མེད་ཀྱི་བསམ་བློར་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ལས་བྱེད་པར་གཞི་རིམ་དུ་སྐྱོད་པ་དང་། འཐབ་ས་དང་པོར་སྐྱོད་པ། དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ཡོད་པར་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་མེད་པའི་བསམ་བློ་བརྟན་པོར་འཛུགས་པ། “རུལ་སུངས་མི་བྱེད་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་བྱེད་པ། ངན་རུལ་མཉམ་བཤེར་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རུལ་སུངས་འབྱུང་བའི་རྒྱུ་དང་རྐྱེན་རྩ་བ་ནས་མེད་པར་བཟོ་རྒྱུར་ཤུགས་རྒྱག་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་གཏོད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།