རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ།
ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ལིའུ་ཅང་སོགས་ཀྱིས་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་དང་གྲོས་བསྡུར་ལ་ཞུགས་པ།
ཚེས་30ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པར་ཞུཌ་མཁན་ཨུ་ཡོན་ཚོས《སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》དང《སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》ལ་ཚོཌ་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་བཅས་ཁག་སོ་སོ་རིགས་ཁོངས་ཁག་གི་ཚོགས་ཆུང་ལ་ཕེབས་ནས་སྲིད་གྲོས་ཨུ་ཡོན་ཚོར་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་པ་རེད།
ཚོགས་རའི་རྣམ་པ་འཁྲུག་ཆ་དོད་ཅིང་། ཨུ་ཡོན་ཚོས་རང་རང་གི་བསམ་འཆར་ལྷུག་པོར་གླེང་བ་དང་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་སྟེ། གྲུབ་འབྲས་ལ་ཕྱོགས་སྡོམ་དང་། འཕེལ་རྒྱས་ལ་ཇུས་འགོད། འབྱུང་འགྱུར་ལ་རྒྱང་ལྟ་བཅས་གནང་བ་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་ནན་ཏན་གནང་བ་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་གཅིག་རིང་གི་ལས་དོན་དང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད། ཚང་མས། སྙན་སྒྲོན་གྱི་བརྗོད་དོན་ཁ་གསལ་བ་དང་། ནང་དོན་ཞིབ་ཅིང་ཕྲ་བ། གཙོ་གནད་འབུར་དུ་ཐོན་པ། བྱ་ཐབས་ནུས་ལྡན་བཅས་ཡོད་པས། སླད་ཕྱིན་གྱི་ལས་དོན་ཐད་བཏོན་པའི་གྲོས་འགོར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་རེད་ལ། བོད་ལྗོངས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཀྱང་རེད། ཨུ་ཡོན་རྣམས་ཀྱིས་མགྲིན་གཅིག་ཏུ་ངོས་འཛིན་གནང་དོན། ལོ་གཅིག་གི་རིང་། རང་སྐྱོང་ལྗོངས་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་འགན་འཁྲི་གཙང་སྒྲུབ་མཐའ་འཁྱོངས་བྱས་པས་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོན་པ་དང་། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། གྲུབ་འབྲས་དེ་ལྟར་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣེ་ཁྲིད་ཕྱོགས་སྟོན་གནང་བར་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར། རིམ་པ་ཁག་དང་སྡེ་ཚན་ཁག་གི་གཞོགས་འདེགས་ཧུར་ཐག་དང་སྤྱི་ཚོགས་ལས་རིགས་ཁག་རྒྱ་ཁྱབ་ངང་ཞུགས་པ་བཅས་ལས་བྱུང་བ་ཞིག་ཀྱང་རེད། དེ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཞིག་རེད།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཡིན་པས་ད་ལོའི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཨུ་ཡོན་ཚོས་ལོ་གསར་པར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་གཅིག་སྡུད་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
ཨུ་ཡོན་ཚོས་ད་དུང《སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》ལ་དམིགས་ནས་གྲོས་བསྡུར་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།