ཡན་ཅིན་ཧའེ་ཡིས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་ཆོས་ལུགས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།
ཚེས་30ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཆོས་ལུགས་རིགས་ཁོངས་ཀྱི་ཚོགས་ཆུང་དུ་ཕེབས་ནས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་ཏེ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་བ་རེད།
གྲོས་བསྡུར་གནང་སྐབས། དཔལ་ལྡན་དོན་ཡོད་དང་། ཟླ་བ་ཚེ་རིང་། རྗེ་དྲུང་བསྟན་པའི་རྒྱལ་མཚན། བསོད་ནམས་ཉི་མ་སོགས་ཨུ་ཡོན་གྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད། ཡན་ཅིན་ཧའེ་ཡིས་གསན་གྱིན་ཟིན་བྲིས་བཀོད་དེ་ཨུ་ཡོན་ཚོ་དང་གླེང་མོལ་ཡང་སེ་གནང་ནས་འབྲེལ་ཡོད་གནད་དོན་ལ་ལན་བསྐྱོན་པ་རེད། ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལྷག་བསམ་རྣམ་དག་ལ་སྣང་ཆེན་དང་དངོས་སྒྲུབ་ལ་གཙིགས་ཆེན་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་སེམས་མཐུན་བཏོད་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད“ཚུགས་གནས་མཐོ་པོ”མངོན་པ་དང་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དེ་ཉིད་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་པར་བྱས་པ་དང་། སྲིད་དོན་ཇུས་འབུལ་ཐད“རིན་ཐང་ལྡན་ཚད”མངོན་པ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི“སྲིད་གྲོས་ཀྱི་བྱས་རྗེས”མངོན་པར་བྱས་པ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཐད“བློ་ཁ་ཕྱོགས་ཤུགས”མངོན་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་ལ་མཐུན་སྒྲིལ་བྱེད་པའི“མཐུན་ཆ”ཆེ་ཤོས་མངོན་པ། རང་ངོས་འཛུགས་སྐྱོང་ཐད“རྣམ་པ་གསར་པ”མངོན་པ་དང་དུས་རབས་གསར་པའི་སྲིད་གྲོས་ལས་བྱེད་པས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པ་བཅས་བྱས་ཡོད་ཅེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་དོ་དམ་བྱེད་པ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། ཆོས་ལུགས་ཀྱིས་རང་འདོམས་བྱེད་པ་བཅས་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་བཀོད་པ་འཐུས་སྒོ་ཚང་དུ་བཏང་སྟེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ངེས་པར་དུ་ཁྲིམས་ལྟར་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་སྟངས་སྤྱད་དེ་ཆོས་ལུགས་ལས་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ངེས་པར་དུ་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་གྲྭ་བཙུན་ལ་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་ལག་ལེན་བསྟར་བར་ཁྲིད་སྟོན་བྱེད་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཆོས་ལུགས་རིགས་ཁོངས་ཀྱི་མི་སྣས“ཚད་གཞི་བཞི”མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སྟངས་འཛིན་དང“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ནང་བསྟན་རིག་པའི་ཡོན་ཚད། ཀུན་སྤྱོད་བློ་སྦྱོང་། སྤྱི་ཚོགས་ཀྱི་ལེགས་སྐྱེས་བཅས་ཀྱི་ཐད་མིག་དཔེ་ཡག་པོ་ཞིག་འདོན་དགོས། རྒྱལ་གཅེས་ཡར་བརྩོན་དང་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་མཁན་གྱི་མིག་དཔེ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཆོས་ལུགས་ཀྱི་མཛད་ཕྱོགས་སྲིད་ཇུས་རང་འགུལ་ངང་སློབ་སྦྱོང་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། སློབ་གཉེར་སྒོམ་སྒྲུབ་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་མཁན་གྱི་མིག་དཔེ་བྱས་ཏེ་སྤྱོད་ལམ་དམ་གཙང་དང་ཐོས་བསམ་མཐོ་རུ་གཏོང་བའི་ཐད་རྒྱུན་མཐུད་འབད་བརྩོན་བྱེད་པ་དང་། ནང་བསྟན་ཆོས་ལུགས་དར་སྤེལ་གཏོང་བར་བརྩོན་པ་དང་གསུང་རབ་ཀྱི་དོན་སྙིང་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། གཏམ་སྤྱོད་ཚུལ་མཐུན་དང་སྤྱོད་ལམ་ཚུལ་བཞིན་སྲུང་དགོས། ཁྲིམས་སྲུང་སྒྲིག་བཀུར་དང་འགྲོ་ཕན་དམངས་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་མཁན་གྱི་མིག་དཔེ་བྱས་ཏེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་རང་རྟོགས་ངང་ཆོས་ལུགས་ཀྱི་བྱེད་སྒོ་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྒྲོམ་གཞིའི་ནང་བཞག་ནས“དོན་ཆེན་བཞིར”སྔར་བས་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་རྐྱང་ཞིག་རྩོམ་དགོས།
འབྲེལ་ཡོད་གསར་འགྱུར།