དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་གྲོས་བསྡུར་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-31

    ཚེས་30ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་ཚོགས་ཆུང་དུ་ཕེབས་ནས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་ཏེ་མཉམ་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་གནང་བ་རེད།

    ཚོགས་འདུའི་ཐོག་ཧན་ཡུས་དང་རྣམ་སྒྲོལ་སོགས་ཨུ་ཡོན་8ཀྱིས་སྤེལ་རེས་གཏམ་བཤད་གནང་ཞིང་། ཚང་མས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མྱོང་ཚོར་དང་བྱེད་ཐབས་གླེང་ནས་གྲོས་བསྡུར་བྱ་ཡུལ་གྱི་རྣམ་པ་འཁྲུག་པོ་ཡོད་པ་རེད། ཀརྨ་ཚེ་བརྟན་གྱིས་གཏམ་བཤད་ནན་ཏན་ངང་གསན་པ་དང་ཟིན་ཐོ་ཞིབ་ཚགས་བཀོད་དེ་ཨུ་ཡོན་གྱི་དོ་ཁུར་ལ་ས་གནས་ས་ཐོག་ཏུ་ལན་བསྐྱོན་པ་རེད། ཁོང་གིས་ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་འགོར་དམིགས་སའི་རང་བཞིན་ལྡན་པས་ང་ཚོས་བསམ་ཕྱོགས་རྒྱ་སྐྱེད་དང་ལས་དོན་ལེགས་སུ་གཏོང་བར་དགེ་ཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད། སྲིད་གཞུང་གིས་གསེད་དཀྲོལ་དང་ཞིབ་འཇུག་ནན་ཏན་བྱས་ནས་སླད་ཕྱིན་གྱི་ལས་ཀའི་ཁྲོད་མངོན་པར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་གནང་བ་རེད། ཁོང་གིས་2025ལོར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ནས“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པའི་ངང་མཇུག་བསྡུས་ཡོད། གྲུབ་འབྲས་དེ་འདྲ་ཐོབ་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན་ལ། དེའི་ནང་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་བློ་གྲོས་དང་། སེམས་ཤུགས། རྔུལ་ཆུ་བཅས་ཀྱང་འདུས་ཡོད་ཅེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། དམངས་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། དུས་བབ་ཀྱིས་ལས་འགན་ཐག་གཅོད་དང་། བྱ་སྤྱོད་ཀྱིས་ཕན་འབྲས་ཐག་གཅོད་བྱེད་ཀྱི་ཡོད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་ཐབས་ཇུས་བཀོད་སྒྲིག་བྱས་པའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བཅས་བྱས་ནས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ལ་བརྩི་སྲུང་བརྟན་པོ་ཞུ་མཁན་ཞིག་བྱེད་དགོས། ལྟེ་བའི་ལས་དོན་ལ་དམིགས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་རྒྱུན་མཐུད་ཤུགས་རྒྱག་པ་དང་ས་མཐོའི་དཔལ་འབྱོརjསྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ལྡན་གྱི་སྐུལ་འདེད་གཏོང་མཁན་ཞིག་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་བ་ཟབ་མོ་འཆང་བ་དང་། ཕྱུག་པོ་ཆགས་དུས་འབྱུང་རྩ་དྲན་པ་དང་ཕྱུག་པོ་ཆགས་རྗེས་ཡར་རྒྱས་ཀྱི་བསམ་བློ་དགོས་པ། སྤྱི་ཚོགས་ཀྱི་འགན་འཁྲི་ནན་པོ་འཁུར་བ་བཅས་བྱས་ནས་རྒྱལ་གཅེས་ལས་བརྩོན་གྱི་ཚད་གཞི་ལོན་པའི་འཛུགས་སྐྲུན་པ་ཞིག་བྱེད་དགོས། དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ་ལས་གནས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་གཙོ་གནད་ཚོགས་སྤྱི་ལས་ཞུགས་ལ་བསྡུ་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་བ་བརྟན་པོ་ཞིག་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། རང་སྐྱོང་ལྗོངས་སྲིད་གཞུང་གིས་སྔར་རྒྱུན་བཞིན་རང་སྐྱོང་ལྗོངས་སྲིད་གྲོས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་འགན་འཁྲི་སྒྲུབ་པར་ཆ་རྐྱེན་བསྐྲུན་ཏེ། རང་རྟོགས་ངང་དམངས་གཙོའི་ལྟ་སྐུལ་དང་ལེན་གྱིས་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་དང་སྲིད་གྲོས་ཀྱི་གྲོས་གཞི་བསྒྲུབས་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་རྒྱུ་དང་། མུ་མཐུད་ཁེ་ལས་དང་མཉམ་དུ་གནད་དོན་གཅིག་ལ་ལན་མཉམ་དུ་འདེབས་པ་དང་ཕྱོགས་མཐུན་མདུན་སྐྱོད་བྱས་ཏེ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་བསྐྲུན་ནས་སྤུས་ཚད་མཐོ་བའི་ཞབས་ཞུར་བརྟེན་ཏེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་སྐུལ་འདེད་ཡག་པོ་གཏོང་གི་ཡིན།

    ཝེ་ཤིའུ་ཁྲང་དང་མོང་ཞའོ་ལིན་གྲོས་བསྡུར་ནང་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།