དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས་སྲིད་གཞུང་དང་ཁེ་ལས་དབར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    རེན་ཝེ་ཡིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ། ཀྲང་ལི་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-29

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་སྲིད་གཞུང་དང་ཁེ་ལས་དབར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། གསར་དར་ཐོན་ལས་སྐྱེད་སྲིང་དང་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། དམངས་གཉེར་ཁེ་ལས་ཀྱི་འཐུས་མི་9དང་སྤེལ་རེས་གཏིང་ཟབ་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་གྲོས་འགོ་དང་ཁེ་ལས་འཕེལ་རྒྱས་ཀྱི་རེ་ཞུ་གསན་པ་དང་། ཁེ་ལས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བསྐྱོན་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཚོགས་འདུར་ཞུགས་པ་རེད།

    རེན་ཝེ་ཡིས་བསྟན་དོན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་བཏང་བ་དང“ལོ་ལྔ་ཚན་བཅོ་ལྔ་པར”འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། ཁེ་ལས་མཁས་ཅན་ཚོར་བོད་དུ་འཕེལ་རྒྱས་གཏོང་ཐུབ་ངེས་ཡིན་པའི་གདེང་ཚོད་བརྟན་པོ་དགོས་པ་དང་བོད་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཁྲོམ་རའི་འཕེལ་རྒྱས་ཀྱི་ཆོས་ཉིད་གཞིར་བཟུང་། རང་སོ་སོའི་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏིང་ཟབ་དང་གསར་གཏོད་འཕེལ་རྒྱས་བཏང་སྟེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས།

    རེན་ཝེ་ཡིས་ནན་བཤད་གནང་དོན། ཐབས་ཇུས་ཁེ་ལས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་གཞུང་དང་ཁེ་ལས་དབར་འབྲེལ་གཏུག་བྱེད་པ་དང་། ཁེ་ལས་ཀྱི་རེ་ཞུ་དང་ཁྲོམ་རའི་དགོས་མཁོ་ཁོང་དུ་གནད་སྨིན་ཆུད་པ། ཁེ་ལས་ཀྱི་དཀའ་ངལ་ཧུར་ཐག་སེལ་བ། སྲིད་གཞུང་དང་ཚོང་པའི་དབར་ཉེ་གཙང་གི་འབྲེལ་བ་ཧུར་ཐག་འཛུགས་པ་བཅས་བྱས་ཏེ། ཁེ་ལས་བོད་དུ་འཕེལ་རྒྱས་འགྲོ་བར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ནུས་རྒྱུ་གཙང་མ་དང་། གྲངས་འཛིན་དཔལ་འབྱོར། རིག་གནས་དང་ཡུལ་སྐོར་སོགས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་དམིགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཁོར་འབྲེལ་འཛུགས་པ་དང་། རང་ཡུལ་གྱི་འཁོར་འབྲེལ་གཙོ་བོའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་། ཐོན་ལས་འཁོར་འབྲེལ་གྱི་གོང་འོག་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བཅས་བྱས་ནས། གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་ཚོ་འདུས་ཆགས་པར་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ་དང་། ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སྔོན་ཚུད་ཞབས་ཞུ་དང་རྒྱབ་སྐྱོར་གནད་སྨིན། མ་དངུལ་དང་བདག་རྐྱེན་གཙོ་བོར་འགན་སྲུང་ཡག་པོ། ཁེ་ལས་འཕེལ་རྒྱས་ཀྱི་སྔོན་དཔག་བརྟན་པོ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།