དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ལྷ་སར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-29

    ཟླ་1ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་དཀྱིལ་ལམ་དུ་གཙང་སྦྲ་བྱེད་བཞིན་པའི་ཁོར་ཡུག་འཕྲོད་བསྟེན་པར་འཚམས་འདྲི་གནང་བཞིན་པ།

    ཟླ་1ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་གནང་བ་དང་། གཞི་རིམ་གྱི་འཐབ་ས་དང་པོའི་ལས་དོན་པར་འཚམས་འདྲི་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་རྣམས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་མ་ཟད། ནུས་ཤུགས་ཡོད་རྒུས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། མཁོ་སྤྲོད་བརྟན་པོ་ཡོང་བར་བྱེད་པ། བདེ་འཇགས་འགན་ལེན་བཅས་བྱས་ནས་མི་དམངས་མང་ཚོགས་རྣམས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་དཀྱིལ་ལམ་དུ་ཕེབས་ནས་གཙང་སྦྲ་བྱེད་བཞིན་པའི་ཁོར་ཡུག་འཕྲོད་བསྟེན་པར་འཚམས་འདྲི་གནང་ཞིང་། ཚང་མས་མིང་གྲགས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཚང་མ་ལོ་གསར་སྤྲོ་པོ་དང་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་པ་རེད། ཁོང་གིས“དེང་གི་ལྷ་སར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་མཛེས་ཤིང་སྡོད་མལ་ལ་འཚམ་པ་ཞིག་ཡོད་པས་གྲོང་མི་ཚོས་གྲོང་ཁྱེར་འདིའི་ནང་འཚོ་བ་སྐྱེལ་རྒྱུ་བྱུང་བར་སྤོབས་པ་བྱེད་ཀྱི་ཡོད། ཁྱེད་ཚོས་གྲོང་ཁྱེར་འཛུགས་སྐྲུན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་མ་ཟད། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་གྲོང་ཁྱེར་སྔར་བས་གཙང་སྦྲ་དོད་པ་དང་མཛེས་སྡུག་ལྡན་པར་གྱུར་བ་དང་གྲོང་མིའི་འཚོ་བ་སྔར་བས་སྐྱིད་སྣང་དོད་དུ་ཕྱིན་ཡོད”ཅེས་གསུངས་པ་དང་འབྲེལ་ཡོད་སྡེ་ཚན་ལ་ལོ་གསར་སྐབས་ཁོར་ཡུག་འཕྲོད་བསྟེན་པ་དཀའ་ངལ་ཆེན་པོ་ཡོད་པས་ཁོང་ཚོར་སྔར་བས་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། འཕྲུལ་ཆས་བཀོལ་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་ངང་ངལ་གསོའི་ས་ཚིགས་སྐྲུན་པ། གྲང་འགོག་དྲོད་སྲུང་དང་བདེ་འཇགས་འགོག་སྲུང་བཅས་ཡག་པོ་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཁོར་ཡུག་འཕྲོད་བསྟེན་པར་བརྩི་འཇོག་དང་། གཅེས་སྐྱོང་། རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་མངགས་བཅོལ་གནང་བ་རེད།

    བརྒྱད་གཅིག་ཞིང་ཟོག་ཁྲོམ་རར་ཤིང་ཏོག་དང་སྔོ་ཚལ་སོས་པའི་སྣ་ཁ་ཕུན་སུམ་ཚོགས་པ་དང་རིན་གོང་བརྟན་པོ་ཡོད་ལ་འབྲུ་སྣུམ་དང་། ཤ སྒོ་ང་། ཆུའི་ཐོན་རྫས་སོགས་ཀྱི་ཚོང་ཟོག་འདང་ངེས་དང་གང་དགོས་ཅི་དགོས་ཡོད། ཝང་ཅུན་ཀྲེང་གིས་དེར་ཕེབས་ཏེ་ཁྲོམ་འདོན་མཁན་དང་ཁྲོམ་རའི་དོ་དམ་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ། ཚོང་ཟོག་གི་རིན་གོང་དང་། ཟོག་ཁུངས་མཁོ་སྤྲོད། ཡུལ་དེ་གའི་ཁྱད་ལྡན་ཚོང་ཟོག་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ། ཚང་མར་ཚོང་ཟོག་བྲིན་ཁ་རྒྱུག་པའི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས“ཤ་ཚལ་སྒོང་གསུམ”དང་། འབྲུ་སྣུམ། ཤིང་འབྲས་བཅས་ནི་དམངས་འཚོའི་དོན་ཆེན་ཞིག་ཡིན་པས། བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དང་གཏོགས་ཁོངས་ས་ཆའི་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་སྤུས་ཚད་ནན་པོ་སྲུང་བ། མཁོ་སྤྲོད་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་པ། མང་ཚོགས་ཀྱི་བཟའ་འབྲུར་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། མི་སེར་ཚོ་བློ་བདེ་པོས་དངོས་ཟོག་ཉོ་ཐུབ་པ་དང་ལྷད་མེད་བཟའ་བཅའ་ཟ་རྒྱུ་ཡོང་བར་བྱས་ནས། ཁྱིམ་ཚང་ཚང་མ་ཚ་སོབ་སོབ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བ་དང་སྦྲགས་ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་སུ་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། ཝང་ཅུན་ཀྲེང་གིས་ཁྲལ་ཆག་ཚོང་ཟོག་ཉོ་སྒྲུབ་ཚོང་ཁང་དང་གྱོན་ཆས་འཚོང་སར་ཕེབས་ནས་རིགས་ཁག་གི་འཛད་སྤྱོད་གནས་ཚུལ་གྱི་ངོ་སྤྲོད་གསན་ཞིང་། ཁོང་གིས་འཛད་སྤྱོད་ཀྱི་སྣེ་གཅིག་ནི་ཐོན་སྐྱེད་དང་འབྲེལ་བ་དང་། སྣེ་གཅིག་ནི་དམངས་འཚོ་དང་འབྲེལ་ཡོད་པས། དཔལ་འབྱོར་འཕར་བའི་རྨང་གཞི་གལ་ཆེན་ཞིག་ཡིན་ལ་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི་མཚོན་ཚུལ་ཞིག་ཀྱང་ཡིན། འཛད་སྤྱོད་ཀྱི་དུས་སྐབས་བཟང་ཤོས་ལ་དམ་འཛིན་ཡག་པོ་བྱེད་པ་དང་དུས་ཆེན་རིང་གི་ཁྲོམ་རའི་དགོས་མཁོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། གུང་གསེང་རིང་གི་དམངས་ཕན་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། སྲོལ་རྒྱུན་གྱི་ཚོང་ར་དང་སྒོ་རྩིས་ཚོང་ཁང་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། འཁོར་འབྲེལ་ཧྲིལ་པོའི“ཟ་སྡོད་དང་། ཉོ་སྒྲུབ། རོལ་རྩེད་བཅས”ཀྱི་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི་སྣ་མང་ཅན་དང་། རང་གཤིས་ཅན། སྤུས་ཚད་མཐོ་བ་བཅས་ཀྱི་འཛད་སྤྱོད་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་ཞེས་གསུངས་པ་རེད།

    ཞིབ་བཤེར་གནང་རིང་། ཝང་ཅུན་ཀྲེང་གིས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས། འགྲིམ་འགྲུལ་དང་། ཡུལ་སྐོར། མི་འདུ་འཛོམས་ཆེ་ས་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཁུལ་ལ་དམིགས་ཏེ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བདེ་འཇགས་འགོག་ཟོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འཕྲལ་སྡོམ་སྔོན་ཇུས་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། མེ་ཟོན་ཡོ་ཆས་དང་། གློག་སྐུད། གློག་སྐས་སོགས་སྒྲིག་བཀོད་ཉམས་བཟོ་དང་བདག་སྐྱོང་ཡག་པོ་བཅས་བྱས་ནས། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་ལ་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་གཙོ་གནད་དམངས་འཚོའི་ཚོང་ཟོག་མཁོ་འདོན་ལ་འགན་ལེན་དང་། རིན་གོང་བརྟན་པོ། སྤུས་ཚད་དོ་དམ་བཅས་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་གཉིས་ནས་མཉམ་དུ་ནུས་ཤུགས་འདོན་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུ་མཁོ་སྤྲོད་རྒྱ་ཆེར་གཏོང་བ། ཁྲོམ་རའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། རིན་གོང་རྒྱུན་གཏན་མིན་པའི་འཕར་ཆག་ལ་ཁ་གཏད་འོས་འཚམ་གཅོག་པ། ཁ་དན་ཚིག་གནས་དང་དྲང་བཞག་དྲང་བདེན་གྱི་འཛད་སྤྱོད་ཁོར་ཡུག་གཏོད་པ་བཅས་བྱས་ཏེ། རྒྱ་ཆེའི་མང་ཚོགས་བློ་བདེ་པོས་འཛད་སྤྱོད་དང་དགའ་སྤྲོའི་ངང་དུས་ཆེན་གཏོང་ཐུབ་པ་བྱེད་དགོས། དགོས་མཁོ་གསར་པས་མཁོ་སྤྲོད་གསར་པར་སྣེ་ཁྲིད་བྱེད་པ་དང་མཁོ་སྤྲོད་གསར་པས་དགོས་མཁོ་གསར་པ་གཏོད་རྒྱུ་མཐའ་འཁྱོངས་ཀྱིས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་དེ་བས་མང་བ་གསར་གཏོད་བྱས་ཏེ། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ་དང་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་བཏོད་ནས། ཁྲོམ་ར་བརྟན་པོ་དང་། འཛད་སྤྱོད་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་བཅས་ཟུང་འབྲེལ་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྲིག་སྲོལ་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། གྲོང་མིའི་དངོས་ཟོག་ཉོ་སྒྲུབ་སྟབས་བདེ་ཡོང་ཚད་དང་ཉམས་ལེན་ལེགས་སུ་གཏོང་བ་བཅས་བྱས་ཏེ། མི་ཚོགས་མང་བ་དང་འཛད་སྤྱོད་འཁྲུག་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།