རེན་ཝེ་ཡིས་2026ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་2026ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ལོ་འཁོར་གྱི་དམིགས་ཚད་ལ་དམིགས་ཏེ་ལས་འགན་ཁག་བགོས་དང་། འགན་འཁྲི་ནན་དཀྲིས། གཙོ་གནད་ལས་དོན་བཀོད་སྒྲིག་སྐུལ་སྤེལ་བཅས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་པ་དང་། ཝུའེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། ཚེ་རིང་ཕུན་ཚོགས། ཀྲང་ལི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
རེན་ཝེ་ཡིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རང་འགུལ་ངང་འགན་འཁྲི་འཁུར་བ་དང་། ལས་དོན་ཧུར་ཐག་སྒྲུབ་པ། གནོན་ཤུགས་ཆེ་རུ་བཏང་ནས་འབད་འཐབ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་པར་བསྒྲུབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཏང་བར་གྲུབ་འབྲས་བཟང་པོ་ཐོབ་པ། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བདེ་བླག་ངང་བསྡུས་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ནས་འཕེལ་རྒྱས་ཀྱི་གདེང་ཚོད་དང་ཆོད་སེམས་ཆེ་རུ་ཏན་ཏིག་བཏང་ཡོད།
རེན་ཝེ་ཡིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མུ་མཐུད་འབད་འཐབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནས་མ་འཇོག་གི་གྲུ་རྡོའི་ནུས་པ་གང་ལེགས་འདོན་དགོས་ཤིང་། ལོ་འཁོར་གྱི་གཙོ་གནད་རྣམ་གྲངས་ཀྱི་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། གཉིས་ནས་ཐོན་ལས་དར་རྒྱས་ལ་བརྟེན་ཏེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱེད་དགོས་ཤིང་། འདུ་འགོད་གལ་ཆེན་ལ་བརྟེན་ནས་གནད་སྨིན་ཚོང་འགུགས་བྱས་ཏེ་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། ས་མཐོའི་ཞིང་འབྲོག རིག་གནས་དང་ཡུལ་སྐོར། དམའ་དབྱིངས་དཔལ་འབྱོར་སོགས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ། གསུམ་ནས་ཐབས་བརྒྱ་ཇུས་སྟོང་ངང་འཛད་སྤྱོད་ཆེར་སྤེལ་བྱེད་དགོས་ཤིང་། ཐོན་རྫས་དང་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། འཛད་སྤྱོད་ཀྱི་འཕར་གཞིར་དམིགས་པ། མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་འཕར་གཞི་སྤོ་སྒྱུར་ཡག་པོ་བཅས་བྱས་ནས། འགྲན་བསྡུར་དང་། འཁྲབ་སྟོན། གྲངས་གཞི་སོགས་ཀྱི་ཞབས་ཞུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས་པ། བཞི་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་མུ་མཐུད་རྒྱ་ཆེར་གཏོང་དགོས་ཤིང་། ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་ཆུ་ཚད་དང་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པའི་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས་པ། ལྔ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་དགོས་ཤིང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་། གངས་འཁྱགས་ཀྱི་གནོད་འཚེ་འགོག་བཅོས། ས་ཡོམ་གྱི་གནོད་འཚེར་ཁ་གཏད་གཅོག་པ་བཅས་གཙོ་གནད་དུ་བཟུང་ནས་ཡག་པོ་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། དཔལ་འབྱོར་བཀོད་གཏོང་དང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་ཐོག་མཐའ་བར་གསུམ་དུ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་འཁོར་རྒྱུག་ཐུབ་པར་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།