བོད་དམག་ཁུལ་ཁང་ཏང་ཨུད་སྐབས་བཅུ་གཅིག་པའི་ཚང་འཛོམས(རྒྱ་ཆེ)གྲོས་ཚོཌ་ཐེངས་བཞི་པ་ལྷ་སར་འཚོཌ་པ།
ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་མཐའ་སྲུང་བོད་བརྟན་གྱི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཟླ་1ཚེས་13ཉིན། བོད་དམག་ཁུལ་ཁང་ཏང་ཨུད་སྐབས་བཅུ་གཅིག་པའི་ཚང་འཛོམས(རྒྱ་ཆེ)གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཐའ་སྲུང་བོད་བརྟན་གྱི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་སྒྲུབ་པ། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། 2025ལོ་ནི་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་གསུང་བཤད་གལ་ཆེན་གནང་བས། ཏང་སྲིད་དམག་ཉེན་དམངས་ཀྱིས་དར་རྒྱས་བརྟན་ལྷིང་གི་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཆེས་ཆེར་འཕེལ་བ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་དཔུང་སྡེའི་དཔོན་དམག་གིས་དིང་རིའི་ཡོམ་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་རིང་། ས་བབ་སྨི་4300ཟིན་པའི་མཐོ་གྲང་གསོ་རླུང་དཀོན་པ་དང་ས་གཤིས་རྙོག་འཛིང་ཆེ་བ་སོགས་ཀྱི་འགྲན་སློང་མང་པོ་ཁྱད་དུ་བསད་དེ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་བར་བརྟེན“གནོད་འཚེ་ཕོག་པའི་ལོ་དེ་རང་དུ་སྡོད་ཁང་གསར་པར་སྤོ་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱུང་ཡོད། ལོ་གཅིག་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་པས། སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་རང་རྟོགས་རང་བཞིན་སྔར་བས་བརྟན་དུ་ཕྱིན་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་དུས་གཅིག་ཏུ་ལེགས་སུ་ཕྱིན་པ། དམངས་འཚོའི་བྱ་གཞག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་བརྟན་པོ་བཏང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་བཏང་བ་དང་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པ། རིམ་ཁག་ལས་བྱེད་པའི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་དུས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་བསྟུན་པའི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་པ་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། དེའི་ཁྲོད་དུ་རྒྱ་ཆེའི་བོད་སྡོད་དཔོན་དམག་གི་དཀའ་སྤྱད་ལས་སྒྲུབ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཀྱང་འདུས་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དེ་བས་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ་ཡོད། དམག་ཁུལ་ཁང་གི་དཔུང་སྡེས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་ཨང་དང་པོར་འཇོག་པ་དང་། བསམ་བློའི་ཁྲིད་སྟོན་མཐའ་འཁྱོངས་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྦྱོང་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། སྤྱོད་བཟང་སྒྲིག་ནན་བཅས་བྱས་ཐོག་མཐར་ཕྱིན་པའི་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་དུག་རྒྱུན་གཙང་སེལ་བྱེད་པ་དང་། དཔོན་དམག་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་གཏན་འགོག་ནན་པོ་བྱེད་པ། ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་མཐུད་དྭངས་གཙང་ཡོང་བ་བཅས་བྱས་ཏེ། རྦད་དེ་ལྷག་བསམ་རྣམ་དག་དང་ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་ཞིག་ཕྱོགས་ཡོངས་ནས་འཛུགས་དགོས་པ་དང་། བཅའ་སྡོད་ཁུལ་གྱི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་།“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བློ་སྦྱོང་རྒྱུན་འཛིན་གྱི་འདུ་འགོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་དཔོན་དམག་གི་སྣེ་ཁྲིད་དེ་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་དུ་མཐའ་སྟོབས་དང་མཐའ་སྲུང་སྲ་བརྟན་གྱི་ཕན་ནུས་གང་ལེགས་འདོན་པ། འཕྲལ་སྡོམ་ཆེད་ལས་སྟོབས་ཤུགས་འཛུགས་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། “མཉམ་ལྔ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་དཔུང་སྡེས་དམག་དོན་ལས་འགན་ཁག་སྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་དང་། དམག་མིའི་ནང་མིའི་ལས་ཞུགས། བུ་ཕྲུག་གི་སློབ་ཞུགས་སོགས་དཔུང་སྡེའི་དཔོན་དམག་གིས་སེམས་ཁུར་དང་དོ་ཁུར་བྱེད་པའི་དངོས་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། ཁོང་ཚོར“རྒྱབ་ཕྱོགས་ལ་སེམས་ཁྲལ་མེད་པ་དང་། ཁྱིམ་ཚང་ལ་སེམས་ཁྲལ་མེད་པ། མི་རབས་རྗེས་མར་སེམས་ཁྲལ་མེད་པ”བཅས་ཡོང་བ་བྱས་ཐོག རྒྱལ་སྲུང་ལ་སེམས་ཁུར་དང་། དམག་དཔུང་ལ་དགའ་ཞེན། དམག་མིར་གོང་བཀུར་བཅས་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་བཏོད་དེ་དམག་དཔུང་སྟོབས་ཆེར་གཏོང་བར་ཆ་རྐྱེན་ཡག་པོ་གཏོད་པ་དང་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།