རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྐབས་འདིའི་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་རང་ལྗོངས་ཀྱི་ལུས་རྩལ་པའི་འཐུས་མི་དང་བཞུགས་མོལ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་སྐབས་བརྒྱད་པའི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་ཞུས་ཀྲི་ཐའོ་ཡིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པར་ཞུགས་པའི་རང་ལྗོངས་ཀྱི་བྱ་དགའ་ཐོབ་མཁན་ལུས་རྩལ་པའི་འཐུས་མི་དང་བཞུགས་མོལ་གནང་སྟེ། རང་ལྗོངས་ཀྱིས་འགྲན་ཞུགས་སྒྲིག་འཛུགས་བྱས་པའི་འབྲེལ་ཡོད་གནས་ཚུལ་དང་དེ་བཞིན་ལུས་རྩལ་པའི་འཐུས་མི་དང་། ལྟ་སྐྱོང་བའི་འཐུས་མི། རྩལ་ཁྲིད་པའི་འཐུས་མི་བཅས་ཀྱི་གཏམ་བཤད་གསན་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྐབས་འདིའི་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ནང་རང་ལྗོངས་ཀྱི་འགྲན་ཞུགས་པ་ཚོས་སྙིང་རུས་ཆེར་སྐྱེད་ཀྱིས་འབད་བརྩོན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“ཚད་བརྒལ་དང་། མཉམ་འདྲེས། མཉམ་སྤྱོད”བཅས་ཀྱི་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ལ་གསལ་འགྲེལ་བྱས་ཁར། གསེར་གྱི་རྟགས་མ་24དང་། དངུལ་གྱི་རྟགས་མ་32 ཟངས་ཀྱི་རྟགས་མ་20བཅས་བླངས་ནས་རང་ལྗོངས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་འགྲན་བསྡུར་ནང་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་རྣམ་པ་གསར་རྐྱང་མངོན་པར་བྱས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཚང་མས་ད་ཐེངས་ཀྱི་རྒྱལ་ཁ་འགོ་འཛུགས་ས་གསར་པར་བརྩིས་ནས་རྟག་ཏུ་དྲིན་ཚོར་གྱི་སེམས་པ་བཅངས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་རེ་བ་ཡོད། འབད་བརྩོན་གྱི་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ནས་དཀའ་ངལ་གྱི་གནས་སུ་གྱར་པའི་མི་དེ་བས་མང་བས་འབད་བརྩོན་ལ་བརྟེན་ནས་བརྩི་འཇོག་ཐོབ་པར་བྱེད་པར་སྐུལ་མ་གཏོང་དགོས་པ་དང་། བསམ་ཕོད་པ་དང་བྱེད་ཕོད་པའི་ངར་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་གྲུབ་འབྲས་སྔར་བས་ཡག་པོ་ཐོབ་པར་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།