རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་སོགས་ལ་བརྟག་ཞིབ་གནང་བ།
ཟླ་1ཚེས་7ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་སྣེ་ཁྲིད་ནས་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང)དང་རང་སྐྱོང་ལྗོངས་བུད་མེད་བུ་བཙའ་དང་བྱིས་པའི་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གཉིས་པའི་བོད་ལྗོངས་སྨན་ཁང)ལ་ཕེབས་ནས་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་དང་སྨན་བཅོས་འཁོར་རྒྱུག་དང་དེ་བཞིན་ད་ལོའི་དགུན་དཔྱིད་ཀྱི་འགོ་ནད་འགོག་བཅོས་ལས་དོན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ལུའོ་མེ་ཡིས་སྨན་ཁང་གཉིས་པོའི་སྒོ་བསྟེན་སྨན་བཅོས་དང་། གཙོ་གནད་ཚན་ཁག་འཁོར་རྒྱུག སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྨན་དོན་མི་སྣ་དང་ནད་པའི་དབར་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། སྨན་ཁང་གི་དོ་དམ་ཚན་པས་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་ཤུགས་སྣོན་བརྒྱབ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ནུས་ཆེའི་ངང་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ལུའོ་མེ་ཡིས་གསུངས་དོན། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དོ་དམ་དང་། ལག་རྩལ། ཤེས་ལྡན་པ་སོགས་ཀྱི་ཁྱབ་ཁོངས་སུ་ཧྭ་ཤིས་སྨན་ཁང་དང་མཉམ་འདྲེས་ཟབ་ཏུ་བཏང་ནས་ས་ཁོངས་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། དགུན་ཁ་དང་དཔྱིད་ཀའི་འགོ་ནད་འགོག་བཅོས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ནད་མང་མཉམ་འགོག་གི་སྔོན་ཚུད་ཉེན་བརྡ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གནད་ཀྱིས་ཁྱོན་ཁྲིད་པ་དང་སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་ཡག་པོ་བསྐྲུན་དགོས།
འབྲེལ་ཡོད་གསར་འགྱུར།