ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ། ལིའུ་ཅང་ཞུགས་པ།

ཟླ་1ཚེས་6ཉིན། ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
● ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་གཉེར་གྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་དང་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཟླ་1ཚེས་6ཉིན། ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད། ཁོང་གིས། ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་གཉེར་གྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་དང་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་སློབ་གྲྭའི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་གི་སློབ་གྲྭས་ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པ་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ལ་གཞི་ཚུགས་པ་དང་འགན་འཁྲི་ནན་ཏན་བསྒྲུབས་ཏེ་བསམ་བློའི་སྣེ་ཁྲིད་ནུས་པ་ནུས་ལྡན་བཏོན་པས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཕན་འབྲས་མངོན་གསལ་དོད་དུ་སོང་བ་དང་། ཚན་ཞིབ་སྲིད་སྐྱོང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་སོང་བ། ཕྱོགས་ཡོངས་ནས་སློབ་གྲྭ་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་ཐུབ་པ་བཅས་བྱུང་སྟེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ཞིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་གི་སློབ་གྲྭས“དོན་ཆེན་བཞི”དོན་འཁྱོལ་ལ་དམིཌ་པ་དང“འཛུགས་གཏོད་བཞི”སྐུལ་སྤེལ་ལ་ཤུགས་བརྒྱབ་སྟེ། ཏང་གི་སློབ་གྲྭའི་ལས་དོན་ཡག་པོ་སྒྲུབ་པའི་ལོ་རྒྱུས་ཀྱི་འགན་འཁྲི་རང་རྟོགས་ངང་ཁུར་བ་དང་། ཏང་གི་སློབ་གྲྭའི་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཏན་ཏིག་བཏོན་ཏེ་ཏང་གི་སློབ་གྲྭའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པའི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཏང་གི་སློབ་གྲྭའི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་བླང་བྱ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་པ་མཐའ་འཁྱོངས་ཀྱིས། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། གཡུལ་སའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། བདེན་ཡོད་སྤོབས་ཆེའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཡག་པོ་ཤོད་པ། གོ་བདེ་ཤེས་སླའི་སྐད་ཆ་དང་མཐོང་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་གསོན་ཉམས་དོད་པའི་དགོངས་པ་གསོན་ཉམས་དོད་པོས་ཤོད་པ་དང་། མཐར་ཕྱིན་པའི་རིགས་པའི་གཞུང་ལུགས་མཐར་ཕྱིན་པའི་སྒོ་ནས་ཤོད་པ་བཅས་བྱས་ཏེ་མང་ཚོགས་ཀྱིས་གོ་ཐུབ་པ་དང་བློ་ལ་འཇགས་ཐུབ་པ་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས“མི་སེར་ཕལ་པའི་དུད་ཁྱིམ་ཚང་མར་ཁྱབ་པར་བྱེད་དགོས” སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས“རིག་གཞུང་ཞིབ་འཇུག་ལ་བཀག་སྡོམ་ཁུལ་མེད་པ་དང་སློབ་ཁྲིད་ལ་སྒྲིག་ཁྲིམས་ཡོད་པར”ངོས་འཛིན་གཏིང་ཟབ་ཐུབ་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་པོ་ཞུ་བ། དགེ་རྒན་འདེམས་མངགས་དང་། སློབ་ཚན་བཀོད་སྒྲིག སློབ་ཁྲིད་སྤུས་ཚད་བཅས་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ“རིམ་དམའི་དམར་པོ”དང“རིམ་མཐོའི་ནག་པོ”གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་དམིགས་སུ་བཀར་ནས་དམ་འཛིན་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས། སློབ་ཁྲིད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་། ཏང་གཤིས་སློབ་གསོ། ཆེད་ལས་ནུས་པ་གསོ་སྦྱོང་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་གི་སློབ་གྲྭ་དེ་ལས་བྱེད་པས་ནུས་རྩལ་ཁོང་དུ་ཆུད་པ་དང་། ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་བ། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་དངོས་སུ་སྐྲུན་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་འགག་སྒྲོལ། ཁྲིམས་ལྟར་སྲིད་འཛིན། འཕྲལ་རྐྱེན་མྱུར་སེལ། མང་ཚོགས་ཀྱི་ལས་དོན། དོན་འཁྱོལ་ལ་དམ་འཛིན་ནན་པོ་སོགས་བྱེད་པའི་འཇོན་ཐང་ཆེ་རུ་གང་ཐུབ་གཏོང་དགོས། འགོ་ཁྲིད་ལས་བྱེད་པར་དུས་རབས་གསར་པའི་བླང་བྱ་དང་རྒྱུན་ཆད་མེད་པར་འཚམ་པ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་ལྡན་པར་བྱས་ཏེ། དུས་རབས་གསར་པའི་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚན་ཞིབ་སྲིད་སྐྱོང་ལ་དམིགས་སུ་བཀར་ནས་དམ་འཛིན་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐབས་ཇུས་འདོན་དགོས། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རིགས་ལམ་ཅན་དང་མ་ལག་ཅན་གྱི་གསལ་འགྲེལ་རྒྱག་ཤུགས་ཆེ་རུ་བཏང་ནས། སྤུས་ཚད་ལྡན་པ་དང་གནད་ལ་འཁེལ་བའི་ཞིབ་འཇུག་གི་གྲུབ་འབྲས་ཁག་གཅིག་ཆགས་པར་བྱེད་དགོས། ཐབས་ཇུས་ཀྱི་ཞིབ་འཇུག་ཟབ་ཏུ་བཏང་ནས་བོད་ལྗོངས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གདིང་རྩའི་གནད་དོན་སོགས་ལ་དམིགས་ཏེ། རྒྱང་ལྟའི་རང་བཞིན་དང་ཉེར་སྤྱོད་རང་བཞིན་གྱི་ཞིབ་འཇུག་བྱས་ནས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་ལ་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སློབ་གཉེར་སྤུས་ཚད་ལ་དམིགས་སུ་བཀར་ནས་དམ་འཛིན་བྱས་ཏེ་ཏང་གི་སློབ་གྲྭའི་ཕྱོགས་བསྡུས་སློབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སློབ་གསོ་གསོ་སྦྱོང་གི་ཚན་རིག་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་དང་། སློབ་གསོ་གཏོང་ཡུལ་གཏན་འཁེལ་དང་། ཚོགས་རིགས་དབྱེ་བ། མཉམ་འགུལ་ཅན་བཅས་ཀྱི་སློབ་ཁྲིད་ལ་སྐུལ་འདེད་གཏོང་བ། ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི་ཚན་ཞིབ་གདེང་འཇོག་སྒྲིག་སྲོལ་དང་གོ་མིང་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས། ཏང་གི་སློབ་གྲྭའི་སློབ་གཉེར་ཆུ་ཚད་མཐོ་རུ་བཏང་སྟེ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་རྒན་གྱི་ཆེད་ལས་ཅན་གྱི་བྱང་ཚད་མཐོ་རུ་གཏོང་བ། “འགོ་ཁྲིད་ལས་བྱེད་པ་འཆད་སྟེགས་ཐོག་སྐྱོད་པའི”ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། བྱ་བ་སྒྲུབ་འདོད་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ཏང་གི་སློབ་གྲྭའི་དགེ་རྒན་དང་ལས་བྱེད་པར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཤིག་སྐྲུན་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་ཏང་གི་སློབ་གྲྭའི་ལས་དོན་དེ་ཏང་ཨུད་ཀྱི་སྤྱི་ཡོངས་ཀྱི་ལས་དོན་བཀོད་སྒྲིག་ནང་བཅུག་ནས། ཏང་གི་སློབ་གྲྭའི་ལས་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་དང་སྐུལ་འདེད་གཏོང་དགོས། ཏང་ཨུད་ཀྱི་ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ལག་ལེན་བསྟར་ནས་ཏང་གི་སློབ་གྲྭའི་ལས་དོན་སེམས་སུ་འཇོག་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་ཏང་གི་སློབ་གྲྭར་སློབ་གཉེར་གྱི་མཐུན་རྐྱེན་སྐྲུན་དགོས། སློབ་གཉེར་ཐོན་ཁུངས་བསྡུ་སྒྲིལ་བེད་སྤྱོད་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་ཏང་གི་སློབ་གྲྭ་དང་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་སློབ་ཁྲིད་དང་ཚན་ཞིབ་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། སློབ་གྲྭ་ནན་སྐྱོང་ལ་སྐུལ་འདེད་བཏང་སྟེ་ལམ་ལུགས་ལ་བརྟེན་ནས་སློབ་གྲྭ་དང་། མི་སྣ། ལས་དོན་བཅས་དོ་དམ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་སློབ་གྲྭའི་དགེ་རྒན་གྱིས“མི་གཞན་སྐྱོང་བར་སྔོན་ལ་རང་ཉིད་འདུལ་བའི”འདུ་ཤེས་རྒྱུན་འཁྱོངས་ཀྱིས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་སློབ་མར་ཤུགས་རྐྱེན་ཐེབས་པ་དང་སྐུལ་ཁྲིད་བྱས་ཏེ། སློབ་གྲྭ་ནན་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ཡོང་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།