ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། ཐོན་ཁུངས་ཀྱི་རང་སྤུས་དང་དགེ་མཚན་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་ཀྱི་གནས་ཐང་ཆེ་རུ་དང་། ཁེ་ལས་ཀྱི་ཕན་འབྲས་ཆེ་རུ། མང་ཚོགས་ཀྱི་ཡོང་འབབ་མང་དུ་བཅས་འགྲོ་བར་སྐུལ་འདེད་སྔར་བས་ཡག་པོ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
བོད་ལྗོངས་ནུའོ་ཏི་ཁང་སྨན་ལས་མ་རྐང་ཚད་ཡོད་ཀུང་སི་ནི་རང་སྐྱོང་ལྗོངས་ཀྱི་སྨན་བཟོའི་མཐོ་གསར་ལག་རྩལ་གྱི་ཁྲོམ་ཞུགས་ཁེ་ལས་ཐོག་མ་དེ་རེད། ཀརྨ་ཚེ་བརྟན་གྱིས་འཁོར་ཁང་དུ་ཕེབས་ཏེ་ཐོན་རྫས་ལ་གཟིགས་པ་དང་ངོ་སྤྲོད་ལ་གསན་པ་རེད། ཁེ་ལས་གཉེར་སྐྱོང་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། ཁོང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པ་དང་། བོད་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་ཚན་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་རྫས་རིམ་འཇུག་གསར་སྒྱུར་མགྱོགས་པོ་བཅས་བྱས་ནས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། སྤུས་ཚད་རྩ་བར་དང་བདེ་འཇགས་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཚད་གཞི་དེ་བས་ནན་པོ་དང་། བླང་བྱ་དེ་བས་མཐོ་པོ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་སྨན་རྫས་ཞིབ་སྤེལ་དང་། ཐོན་སྐྱེད། འཁོར་རྒྱུག་སོགས་ལྷུ་ཚིགས་ཁག་དང་ཕྱོགས་ཁག་གི་ལས་དོན་ཡག་པོ་བསྒྲུབས་ཏེ། སྤུས་ཚད་མཐོ་བའི་ཐོན་རྫས་ལ་བརྟེན་ནས་ཁྲོམ་ར་ཐོབ་པ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་འགྲོ་བར་སྲུང་སྐྱོང་བྱེད་དགོས། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ལ་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་ནང་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཁྲོད་ནས་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཕན་པ་དེ་བས་མང་བ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས་ཞེས་བསྟན་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བར་ཁེ་ལས་ལ་ཕན་པའི་སྲིད་ཇུས་དེ་བས་མང་བ་ཐད་ཀར་ལོངས་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་གཏོད་དེ། ཁེ་ལས་བོད་དུ་འཕེལ་རྒྱས་སྟོབས་ཆེར་འགྲོ་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཀའ་མངགས་གནང་བ་རེད།
བོད་ལྗོངས་མཁོ་ཚོང་ཚོགས་པ་ཕག་ཤ་འཁྱགས་སོས་དམངས་ཕན་མཁོ་སྤྲོད་འགན་ལེན་དང་ཁག་བགོས་བྲིན་ཚོང་བྱ་ཡུལ་དུ་ཀརྨ་ཚེ་བརྟན་འཁྱགས་མཛོད་དུ་ཕེབས་ཏེ། ས་གནས་ས་ཐོག་ཏུ་དངོས་ཟོག་གྲབས་གསོག་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་རང་ལྗོངས་ཀྱི་མཁོ་ཚོང་རྩ་འཛུགས་མ་ལག་འཛུགས་སྐྱོང་ལས་དོན་སྐོར་གྱི་སྙན་ཞུའང་གསན་པ་རེད། ཁོང་གིས་ཞིང་པར་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ཏེ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དུས་བབ་གསར་པ་དང་ཞིང་འབྲོག་པའི་རེ་བ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། རྩ་འཛུགས་མ་ལག་དང་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཏང་དང་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་འབྲེལ་ཟམ་ཡག་པོ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་དགོས་ཤིང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་དེང་རབས་ཀྱི་འགྲོ་རྒྱུག་མ་ལག་མགྱོགས་མྱུར་བཙུགས་ཏེ། ཞབས་འདེགས་ཞུ་རྒྱ་ཆེ་རུ་གཏོང་དགོས་ལ་དུད་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་ངུ་དང་འགྱུར་ལྡོག་ཆེ་བའི་ཁྲོམ་ར་ཆེན་པོ་མཉམ་འབྲེལ་བྱས་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་འཆམ་མཐུན་དགའ་ཚལ་གླིང་བུད་མེད་ལག་ཤེས་བསླས་འཐག་མཉམ་ལས་ཁང་གིས་ཉེ་འཁོར་གྱི་མང་ཚོགས་ལ་ཐག་ཉེ་སར་སྟབས་བསྟུན་ལས་ཞུགས་བྱ་རྒྱུའི་སྐུལ་ཁྲིད་བྱས་ཡོད། ཀརྨ་ཚེ་བརྟན་གྱིས་མཉམ་ལས་ཁང་གི་འགན་འཁུར་བ་དང་འཚེམ་བཟོ་བ་དང་སྤེལ་རེས་གཏིང་ཟབ་གནང་སྟེ། ཐོན་རྫས་ཚོང་ལམ་དང་གླ་ཕོགས་ཡོང་འབབ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཆབས་ཅིག ཚང་མར་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བཟུང་ནས་བྲིན་ཁ་རྒྱུག་པའི་ཐོན་རྫས་སྤུས་ལེགས་ཐོན་སྐྱེད་བྱས་ཏེ། རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།