རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཀརྨ་ཚེ་བརྟན་དང་ལིའུ་ཅང་ཞུགས་པ།

ཟླ་1ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།

ཟླ་1ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཟླ་1ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏིང་ཟབ་གཏོང་བ་དང་། དོན་འཁྱོལ་ལམ་སྲོལ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀརྨ་ཚེ་བརྟན་དང་ལིའུ་ཅང་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་རྒྱུན་མཐུད་བྱེད་པའི་ལས་དོན་ཁྲོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱོད་ཚུལ་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བཏང་བ་སྟེ། བསམ་བློའི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཐོག རིག་པ་དྭངས་གསལ་གྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཆབ་སྲིད་ཐོག་གི་བློ་རྩ་བརྟན་པོ་དང་བྱ་སྤྱོད་ཐོག་གི་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་སོགས་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་ལས་བྱེད་པའི་རབ་ཏུ་འཕེལ་བའི་ལས་ཀའི་སྤྲོ་སེམས་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་གནད་དོན་ཐག་གཅོད་མ་ཐུབ་བར་ལྷོད་གཡེང་མི་གཏོང་བ་དང་། ཐག་གཅོད་མཐར་ཕྱིན་པ་མ་ཐུབ་བར་མཚམས་མི་འཇོག་པར་བྱེད་དགོས། གོང་དཔེ་འོག་སྟོན་མཐའ་འཁྱོངས་བྱས་ཏེ་འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་སྤྱོད་ཚུལ་འཛུགས་སྐྱོང་ཟབ་ཏུ་གཏོང་བར་སྐུལ་ཁྲིད་བྱེད་དགོས། མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། མི་སེར་གྱི་ཕྱོགས་སུ་བརྟན་པོར་ལངས་པ་དང་མང་ཚོགས་ཀྱི་དོ་ཁུར་བྱེད་པའི་གནད་དོན་ལ་ཚུར་ལན་ཧུར་ཐག་སྤྲད་ནས་མང་ཚོགས་བློ་ཡིད་ཚིམ་ཚད་དེ་ལས་ཀའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞིར་བརྩི་དགོས། རྩ་ལག་ཟུང་བཅོས་མཐའ་འཁྱོངས་བྱས་ཏེ། མིག་སྔའི་གནད་དོན་ཐག་གཅོད་བྱེད་པ་མ་ཟད། སྒྲིག་སྲོལ་ལམ་ལུགས་འཛུགས་པར་ཡང་མཐོང་ཆེན་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་ཆགས་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་ཀྱི་ལོ་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཀྱང་ཆེན་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་རྒྱུན་མཐུད་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་བྱེད་དགོས།
གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་བསམ་འཕེལ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་ནས་མཚོན་པར་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེ་བཞིན་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ་དང་། འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱི“གློག་སྒོ་ཨ་མའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ཏང་གི་རང་ངོས་གསར་བརྗེར་དམ་འཛིན་སྔར་བས་ནན་པོ་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་དང་སྤྱོད་ཚུལ་ལེགས་གཏོང་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས།
དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་པ་དང་ཡུན་རིང་དོ་དམ་ནན་པོ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། “སྤྱོད་ཚུལ་བཞིའི”གཅོང་ནད་ཧུར་ཐག་བཅོས་པ་དང་། ཟ་མཁས་འཐུང་མཁས་ཀྱི་བསམ་བློ་བརྟན་པོར་འཛུགས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་བྱས་ཏེ། ངན་རུལ་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཉེན་ཟོན་སློབ་གསོ་དང་སྒྲིག་ཁྲིམས་དྲན་སྐུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པར་འཇིགས་བཀུར་ཤེས་པ་དང་། དོགས་ཟོན་གཟབ་ནན། མཐའ་ཚད་སྲུང་བ་བཅས་བྱེད་པའི་ཁྲིད་སྟོན་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་འགན་འཁྲི་གཙང་སྒྲུབ་བྱས་ནས་ཡིན་མིན་གསལ་འབྱེད་ཐུབ་པ་དང་། དམ་འཛིན་དང་དོ་དམ་བྱེད་ཕོད་པ། མཁྲེགས་སར་གཏུག་ཕོད་པ་བཅས་བྱེད་དགོས།
གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དག་ཐེར་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། དོན་དངོས་ལ་གཞི་ཚུགས་ནས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་རྒྱུ་མཐའ་འཁྱོངས་བྱས་ཏེ། འཕྲལ་བདེ་འཕྲལ་ཕན་དང་རྨོངས་ཚོད་ངང་ཇུས་ཐག་གཅོད་པའི་གནད་དོན་ཡོ་བསྲང་ཧུར་ཐག་བྱས་ནས་ལས་དོན་བཀོད་སྒྲིག་ཁག་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ་བཅས་ཡོང་བར་འགན་ལེན་བྱེད་དགོས། གཞི་རིམ་བཅོས་སྐྱོང་གི“རྟ་ཆུང་གིས་ཐེར་ཆེན་འདྲུད་པའི”གནད་དོན་ཐག་གཅོད་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་སྒྲུབ་དོན་དག་གི་གསལ་ཐོ་བབ་བསྟུན་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་ནས་དབང་འགན་གཅིག་འགྱུར་དང་འགན་འཁྲི་གསལ་པོ་ཡོང་བར་བྱེད་དགོས། “རེའུ་མིག་གཅིག་ཀུན་སྤྱོད”འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཡིག་ཆའི་གྲངས་འབོར་ཁུ་བསྡུ་ཏན་ཏིག་བྱེད་པ་དང་། ཡིག་ཆའི་སྤུས་ཚད་མཐོ་རུ་གཏོང་བ། ཚོགས་འདུ་ཐུང་ཐུང་འཚོག་པ་དང་། རྩོམ་ཐུང་སྤེལ་བ། གཏམ་བཤད་མདོར་བསྡུས་བྱེད་པ། ལས་ཀའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པར་བྱ་བ་དངོས་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དུས་ཚོད་སྔར་བས་མང་དུ་དང་སེམས་ཤུགས་སྔར་བས་ཆེ་རུ་གཏོང་དགོས།
མི་དམངས་གོང་དུ་བཀུར་བ་དང་དངོས་སྒྲུབ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། མིག་སྔ་དང་སླད་ཕྱིན་ལ་སྤྱི་འདོམས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ལས་ཀའི་བསམ་ཕྱོགས་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ། དཔོན་གསར་གྱིས་རྩིས་ཁྲ་རྙིང་པར་ཁ་ཡ་བྱེད་ཐུབ་པ་བཅས་བྱས་ནས། ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ་དང་འཆར་འགོད་གཅིག་མཐིལ་ཕྱིན་པར་སྒྲུབ་དགོས། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་མཐའ་འཁྱོངས་བྱས་ཏེ། སྒྲིག་སྲོལ་དང་ཆོས་ཉིད་ལྟར་རང་རྟོགས་ངང་བྱ་བ་སྒྲུབ་པ་དང་། སྐབས་འཕྲལ་དང་ཕྱི་ཚུལ་ཙམ་གྱི་ལས་ཀ་མི་སྒྲུབ་པ། རང་ཚོད་ཀྱིས་འགོ་ཁྲིད་ཡིད་ཚིམ་པར་སྙམ་ནས་མང་ཚོགས་བློ་ཕམ་དུ་འཇུག་པའི་བླུན་རྟགས་ཚ་བའི་དོན་དག་གཏན་ནས་མི་སྒྲུབ་པ། མི་དམངས་མང་ཚོགས་ལ་མཐོང་ཐུབ་པ་དང་། རེག་ཐུབ་པ། ཕན་ཐོགས་པ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་པ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། ཕན་འབྲས་ཐོན་པ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ། ཐོག་མཐའ་བར་གསུམ་དུ་སེམས་ཀྱི་གནས་བབ་མཐོ་ཤོས་སུ་མི་དམངས་བཞག་ནས་མང་ཚོགས་ཀྱི་ལངས་ཕྱོགས་ནས་རང་རྟོགས་ངང་གནད་དོན་ལ་བསམ་གཞིག་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཉིད་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བཅས་བྱེད་དགོས།
འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་གོང་དཔེ་འོག་སྟོན་མཐའ་འཁྱོངས་ཀྱིས“འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་སྐུལ་ཁྲིད་ནུས་པ་གང་ལེགས་འདོན་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་ནས“སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བའི་མིག་དཔེ་བྱེད་པ་དང་། མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་ནས་དམངས་ཕན་སྲི་ཞུའི་མིག་དཔེ་བྱེད་པ། དམ་པ་དོན་གཉེར་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་ནས་འགན་འཁུར་ཕོད་པའི་མིག་དཔེ་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་ནས་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་བྱེད་པ། གཞུང་དྲང་རང་ཚུགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་ནས་གཞུང་དྲང་སྤྱོད་གཙང་གི་མིག་དཔེ་བྱེད་པ། ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མིག་དཔེ་བྱེད་པ། རང་དཔེ་གཞན་སྟོན་དང་སྔོན་ལ་མིག་དཔེ་སྟོན་པ་བཅས་བྱས་ཏེ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་རིམ་པ་མང་པོས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། སྣེ་ཁྲིད་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་། ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་འཛུགས་པ། ལས་སྒོ་སློབ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་རང་འཁྲིའི་ལས་ཀའི་ཐད་མཁས་པ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས། སྣེ་ཁྲིད་ནས་དངོས་སྒྲུབ་འགན་འཁུར་བྱེད་པ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དམ་པ་དོན་གཉེར་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། དོན་དངོས་གནས་ཚུལ་མཐིལ་རྟོགས་གནད་སྨིན་བྱེད་པ། ཐེག་པ་ཁུར་ལེན་ཕོད་པ་དང་འགན་འཁྲི་ཁུར་ཕོད་པ། གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་སྒྲུབ་པ་བཅས་བྱས་ཏེ། དངོས་སྒྲུབ་ལ་སྣང་ཆེན་དང་ཕན་འབྲས་དངོས་དོན་གཉེར་བྱེད་དགོས། སྣེ་ཁྲིད་ནས་འགྲན་རྩོད་བྱས་ཏེ་བྱས་རྗེས་འཇོག་པ་དང་། ཡར་རྒྱས་བརྩོན་ལེན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ཏེ། ལས་དོན་ཁག་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས། སྣེ་ཁྲིད་ནས་སྤྱོད་གཙང་རང་གཅུན་བྱེད་པ་དང་། སྤྱོད་གཙང་སྲིད་སྐྱོང་གི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱེད་པ། ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ་དང་དེ་བཞིན་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཏེ། བག་ཡོད་ཚུལ་དང་ལྡན་ཞིང་རྒྱུ་རྔན་ཟས་གནོངས་མེད་པའི་མིག་དཔེའི་བྱ་སྤྱོད་ལ་བརྟེན་ནས། ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་གཞུང་དྲང་། ཆབ་སྲིད་དྭངས་གསལ་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་རྒྱུར་སྣེ་ཁྲིད་བྱེད་དགོས།
རྩ་ལག་ཟུང་བཅོས་དང་རྒྱུན་རྣམ་ཕུགས་ཕན་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱུན་དུ་ནས་དམ་འཛིན་དང་། དམ་འཛིན་ཞིབ་ཕྲ། ཡུན་རིང་དམ་འཛིན་བཅས་ཀྱི་ཐད་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་ཀྱི་ཞན་ཆ་ཧུར་ཐག་སེལ་བ། ལམ་ལུགས་ཀྱི་དབང་གྲགས་རང་བཞིན་དང་ལག་བསྟར་ནུས་པ་ཆེ་རུ་གཏོང་བ། ལམ་ལུགས་སྣང་མེད་དུ་འཇོག་པ་དང་། ལག་བསྟར་ལ་གཡོལ་བ། བབ་བསྟུན་ལག་བསྟར་བཅས་ཀྱི་བྱེད་སྤྱོད་ལ“ཐར་པར་གཏན་ནས་མི་གཏོང་བ”དང་། ངན་འདོམས་བཟང་སྤེལ་བྱེད་པ་དང་བཟང་སྟོད་ངན་སྨད་བྱས་ཏེ། འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་བཀོད་སྒྲིག་དང་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འགན་འཁྲི་ནན་པོ་དཀྲིས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་འགན་ལེན་ནུས་ལྡན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་བརྟན་པོ་འཁུར་བ་དང་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་ལ་གཞི་ཚུགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཡུན་རིང་བྱས་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་སྔར་བས་ཕན་འབྲས་ཆེན་པོ་ཐོན་པར་བྱེད་དགོས། རིམ་ཁག་སྡེ་ཚན་ཁག་གིས་གོང་འོག་མཉམ་འགུལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས། ལས་བགོས་རོགས་ལས་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བྱ་གཞག་གཙོ་བོར་འཛིན་པ་དང་གཞུང་དྲང་ཚུལ་མཐུན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དོ་དམ་ནན་པོ་དང་བརྩེ་བ་ཟབ་མོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པའི་ཧུར་སེམས་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས། དཔེ་མཚོན་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དྲང་ཕྱོགས་ཀྱི་དཔེ་མཚོན་མུ་མཐུད་སྔོག་འདོན་བྱེད་པ། ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོ་དྲིལ་བསྒྲགས་དང་གཏོང་སྤེལ་ཧུར་ཐག་བཅས་བྱས་ཏེ། ཏང་སྲོལ་དང་སྲིད་སྲོལ་བཟང་པོར་བརྟེན་ནས་ཡུལ་སྲོལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱེད་པའི་ཁོར་ཡུག་བཟང་པོ་སྐྲུན་དགོས།
འབྲེལ་ཡོད་གསར་འགྱུར།