ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
● ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་མུ་མཐུད་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་འགན་ལེན་བརྟན་པོ་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་2025ལོའི་ཟླ་12ཚེས་25ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། 2025ལོའི་རང་སྐྱོང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྒྲུབ་ཚུལ་གྱི་སྙན་སེང་གསན་པ་དང་ཆབས་ཅིག འབྲེལ་ཡོད་ཀྱི་ལས་དོན་བཀོད་སྒྲིག་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ལ་དགོངས་པ་གཏིང་ཟབ་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་བླང་བྱ་ཁ་གསལ་བཏོན་གནང་བར་བརྟེན། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཛད་ཕྱོགས་མཐའ་གཅིག་ཏུ་ལག་བསྟར་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལམ་ལུགས་ཀྱི་རླུང་ཙེ་ཚགས་དམ་དུ་གཏོང་བ། ཉེན་ཟོན་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། ལོ་གཅིག་རིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འགན་འཁྲི་གཙང་སྒྲུབ་དང་། དམ་ནན་གྱི་རྩ་བའི་དགོངས་གཞི་དང་། དམ་ནན་གྱི་བྱེད་ཐབས། དམ་ནན་གྱི་རྣམ་པ་བཅས་ཀྱི་སྒོ་ནས་ཆབ་སྲིད་ལ་ལྟ་སྐུལ་དང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་སྲིང་ལྷོད་མེད་ངང་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བ་དང་གང་གསུངས་དེ་སྒྲུབ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོར་འཛུགས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་པ། སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“འགོ་གཙོ་ཨང་དང་པོར”ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་བཅས་བྱས་ཏེ། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་དགོས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་དང་སྲོལ་གསར་འཛུགས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་མཐུན་རྐྱེན་སྦྱོར་བ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པའི་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་དོན་འཁྱོལ་ལ་དམ་འཛིན་དང་དངོས་སྒྲུབ་ཐོག་འཇོག་ཐུབ་པར་བྱེད་དགོས། ཡང་དག་པའི་མི་འདེམས་དང་མི་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཚད་གཞི་དོན་འཁྱོལ། ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་པར་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་མཐའ་འཁྱོངས།“དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ནན་པོ། ངན་འདོམས་བཟང་སྤེལ་དང་བཟང་བསྟོད་ངན་སྨད་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་ཚོས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པར་སྐུལ་ལྕག་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་དང་། གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་ཕྱོགས་སྟོན་གསལ་པོ་བརྟན་པོར་འཛུགས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲིར་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ནས། རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་འཁུར་བ། འགོ་ཁྲིད་ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ཡག་པོ་བྱེད་པ། ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་བཞིན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ། ཟུར་བསྟན་ལེབ་མཐོང་དང་རྩ་ལག་མཉམ་བཅོས་བཅས་བྱས་ཏེ། ཕྱོགས་ཁག་གི་ལས་དོན་སྔར་བས་འབྲེལ་མཐུད་ཡག་པོ་དང་མཉམ་འགུལ་གཅིག་སྒྲིལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས་པ་མཐའ་འཁྱོངས་བྱས་ནས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྒྲིག་ཁྲིམས་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་སྐྲུན་དགོས། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དེ་བླང་བྱ་ཨང་དང་པོར་བརྩིས་ཏེ། ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། རང་ངོས་གསར་བརྗེར་མིག་དཔེ་འདོན་མཁན་དང་སྒྲིག་བཀུར་ཁྲིམས་སྲུང་བྱེད་མཁན་གྱི་ཚད་གཞི་ཞིག་ཧུར་ཐག་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་དང་། མ་ལག་འདུས་གྲུབ་དང་མཐུན་སྦྱོར་ནུས་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྒམ་ནན་རང་བཞིན་དང་། དབང་གྲགས་རང་བཞིན། སྤྱི་མོས་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། སྤྱི་ཡོངས་དང་ཆ་ཤས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། ནན་པའི་ཚད་གཞི་དང་ནན་པའི་བླང་བྱར་བརྟེན་ནས་རང་གཅུན་རང་འདོམས་མཐའ་འཁྱོངས་བྱེད་པ་དང་། སྣེ་ཁྲིད་ནས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་བློ་ལ་ངེས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པ། རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་གཅུན་འདོམས། རང་གིས་རང་ལ་ལྟ་སྐུལ་བཅས་བྱེད་པར་ཤུགས་སྣོན་རྒྱག་པ། རང་གཤིས་ལ་བརྟེན་ནས་མི་བཟང་པོ་ཞིག་བྱེད་པ་དང་འགན་འཁྲིར་བརྟེན་ནས་བྱ་བ་སྒྲུབ་པ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་སྒྲུབ་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་རང་གཤིས་ནམ་ཡང་གནས་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།