དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་དུས་ཆེན་གོང་གི་ཁྲོམ་རར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-02

    2025ལོའི་ཟླ་12ཚེས་30ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་སྐུ་འབུམ་ཐང་ཕྱོགས་བསྡུས་གྲོང་སྡེའི་ཚོང་ར་དང་། ཧྲེང་མེ་ལྕགས་སྒོ་རྩིས་ཚོང་ཁང་། ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་ལྷ་སའི་ཚོང་ཁང་བཅས་སུ་ཕེབས་ནས་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་། བཟའ་བཅའི་བདེ་འཇགས། ཚོང་ཁང་གཉེར་སྐྱོང་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    དུས་ཆེན་གོང་གི་སྐུ་འབུམ་ཐང་ཕྱོགས་བསྡུས་གྲོང་སྡེའི་ཚོང་ར་འཁྲུག་ཆ་ཧ་ཅང་དོད་ཅིང་། ཚོང་ར་གཙང་སྦྲ་ལེགས་ལ་གྲལ་འགྲིག་པ་དང་། སྔོ་ཚལ་དང་། ཤིང་ཏོག ཤ་སོས་པ་སོགས་འཚོ་བའི་མཁོ་ཆས་གང་དགོས་ཚང་མ་ཡོད། “ད་ལྟའི་རིན་གོང་ག་ཚོད་རེད་དམ”“རིན་གོང་གི་འཕར་ཆག་ཅི་འདྲ་འདུག་གམ”“རང་ཡུལ་གྱི་ཤ་ཡིན་ནམ”ཞེས་པ་སོགས། ཡན་ཅིན་ཧའེ་ཡིས་ཕེབས་ཞོར་དུ་ཟོག་ཁུངས་དང་ཚོང་ཟོག་གི་རིན་གོང་བཀའ་འདྲི་གནང་བ་དང་། སྤུས་ཚད་ལ་ཞིབ་བཤེར། ཡོང་འབབ་གླེང་བ། གྲོང་སྡེའི་ཚོང་རའི་འགན་འཁུར་བ་དང་ཚོང་པར་བྱམས་བརྩེའི་ངང་སྤེལ་རེས་བཅས་གནང་སྟེ། ཤ་རིགས་དང་ཤིང་ཏོག་སོགས་དམངས་འཚོའི་ཚོང་ཟོག་གི་ཟོག་ཁུངས་དང་། མཁོ་སྤྲོད་གསོག་འཇོག རིན་གོང་འཕར་ཆག་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཧྲེང་མེ་ལྕགས་སྒོ་རྩིས་ཚོང་ཁང་དུ་ཕེབས་སྐབས་ཟོག་སྒྲོམ་ཐོག་ཚོང་ཟོག་མང་པོ་གྲལ་འགྲིག་པོས་བསྒྲིགས་ཡོད་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། ཡན་ཅིན་ཧའེ་ཡིས་བཟའ་བཅའི་ཁུལ་དབྱེ་ནས་འཇོག་པ་དང་། གོ་ཆོད་དུས་ཡུན་ཐིམ་གྲབས་ཡོད་པའི་བཟའ་བཅར་དོ་དམ། ཕྱིར་ཚོང་རིན་གོང་སོགས་ཀྱི་གནས་ཚུལ་ལ་གཙོ་བོར་གཟིགས་ཤིང་། ཁོང་གིས། བཟའ་བཅའི་བདེ་འཇགས་ནི་དམངས་འཚོའི་མཐའ་ཚད་ཡིན་པས། ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། ཁེ་ལས་བཅས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་ཁྲོམ་རའི་མཁོ་སྤྲོད་ལ་འགན་ལེན་བྱེད་དགོས་པ་དང་། དུས་ཆེན་གྱི་འཛད་སྤྱོད་ཁྱད་ཆོས་ལ་གཞིགས་ནས་ཟོག་ཁུངས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་ཟོག་གི་སྣ་ཁ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཆབས་ཅིག་མེ་ཟོན་བདེ་འཇགས་དང་འགྲུལ་རྒྱུན་གཤོང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། བདེ་འཇགས་དང་སྐྱིད་སྣང་དོད་པའི་ཉོ་སྒྲུབ་ཁོར་ཡུག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད། ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཡན་ཅིན་ཧའེ་ཡིས་གཉེར་སྐྱོང་གནས་ཚུལ་དང་། འགྲུལ་རྒྱུན། ཕྱོགས་བསྡུས་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཚོང་པས་གཉེར་སྐྱོང་བྱེད་སྟངས་གསར་གཏོད་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ནས་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྣ་ཚོགས་སྐོང་དགོས་པའི་སྐུལ་ལྕག་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས། དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད་པས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་རང་འཁུར་དང་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། ཟོག་ཁུངས་སྒྲིག་འཛུགས་དང་། རིན་གོང་ལ་ལྟ་འདོམས། བདེ་འཇགས་ལ་འགན་ལེན་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་སྤྲོ་སྣང་དང་ཞི་མཐུན་གྱི་ཁོར་ཡུག་ཁྲོད་དུ་དུས་ཆེན་གཏོང་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།