ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
2025ལོའི་ཟླ་12ཚེས་30ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་བྱས་པ་དང་། འཛད་རྫས་རྙིང་པ་གསར་པར་བརྗེ་བ་དང་བུ་གསོའི་ཁ་གསབ་སྲིད་ཇུས་དོན་འཁྱོལ། 2026ལོའི་དམངས་འཚོའི་བྱ་བ་དངོས་གཙོ་བོ། གསར་སྤེལ་ཁུལ(གླིང་ཁུལ)སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། འཛད་རྫས་རྙིང་པ་གསར་པར་བརྗེ་བར་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། དེ་མིག་སྔར་ཕན་ཐོགས་ཡོད་ལ་ཕུགས་ལའང་ཕན་ཐོགས་ཡོད་པ་དང་། ཁེ་ལས་ལ་ཕན་ཐོགས་ཡོད་ལ་དམངས་འཚོར་དེ་བས་ཕན་ཐོགས་ཡོད། མ་དངུལ་གྱི་ལྟ་འདོམས་ལ་རྒྱུན་མཐུད་ཤུགས་སྣོན་དང་། ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འཛད་སྤྱོད་ཚོགས་སྤྱིས་དངོས་དངོས་རྗེན་རྗེན་གྱི་གཟིགས་སྐྱོང་ཐད་ཀར་ལོངས་སྤྱོད་ཐུབ་པར་བྱེད་དགོས། 2026ལོའི་ལས་དོན་ཇུས་འགོད་ནན་ཏན་དང་། གཙོ་གནད་རིགས་ཀྱི་ཁ་གསབ་མ་དངུལ་བཀོལ་སྤྱོད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཁྲོམ་རའི་གསོན་ཤུགས་མུ་མཐུད་འཕེལ་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། བུ་གསོའི་ཁ་གསབ་ནི་བུ་བཙར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་བུ་བཙར་སྐུལ་འདེད་གཏོང་བའི་སྐུལ་སྤེལ་སྲིད་ཇུས་ཤིག་ཡིན་པས། དངོས་དངོས་རྗེན་རྗེན་གྱི“དམངས་ཕན་ཤོག་ཆག”ཅིག་རེད། སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། ཐོབ་ཐང་ལ་ཞིབ་དཔྱད་ནན་པོ་བྱེད་པ། གཏོང་སྤྲོད་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། སྒྲུབ་གཉེར་ཞབས་ཞུ་ལེགས་སུ་གཏོང་བ། མ་དངུལ་གྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རེ་ཞུ་ཤར་གཏོང་དང་། གཤམ་སྤྲོད་སྟབས་བདེ། དོན་འཁྱོལ་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཏེ་བྱ་བ་ཡག་པོ་ཏན་ཏིག་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། དམངས་འཚོར་དོན་ཆུང་མེད་ཅིང་། འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན་གྱི་ཡོད། གཏན་ལ་ཕབ་པའི་དམངས་འཚོའི་དོན་དངོས་དེ་མང་ཚོགས་ཀྱི་རེ་འདོད་ཀྱི་དགོས་མཁོ་དང་མཐུན་དགོས་ལ། བོད་ཀྱི་ཁྱད་ལྡན་དང་བཀྲག་མདངས་འཚེར་ས་ཡང་མཚོན་པར་བྱས་ཏེ། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་སྲིད་གཞུང་གིས“ཟ་མཁས་འཐུང་མཁས”བྱས་ནས་མི་སེར་ལ“འཚོ་བ་ཡག་པོ”སྐྱེལ་རྒྱུ་ཡོང་བ་བྱས་ཏེ། མང་ཚོགས་ཀྱིས“རེ་སྒུག་བྱེད་པའི་བྱ་བ”དེ་སྲིད་གཞུང་གིས“སྒྲུབ་པའི་བྱ་བར”ཧུར་ཐག་བསྒྱུར་བ་དང་། སྲིད་གཞུང་གིས“སྒྲུབ་པའི་བྱ་བ”དེ་མང་ཚོགས་ཀྱི“བློ་ཡིད་ཚིམ་པའི་བྱ་བར”བསྒྱུར་ནས། དམངས་འཚོའི་དོན་དངོས་མང་ཚོགས་ཀྱི་བློ་ལ་བབས་པ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། གསར་སྤེལ་ཁུལ(གླིང་ཁུལ)དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ་དང་སྒུལ་ཤུགས་གཙོ་བོ་ཡིན་པའི་ངོས་ནས་ས་ཁོངས་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་ཀྱི་འགན་ནུས་གལ་ཆེན་ཁུར་ཡོད། གསར་སྤེལ་ཁུལ(གླིང་ཁུལ)གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག་གིས་ལྗོངས་ཡོངས་ཀྱི་གསར་སྤེལ་ཁུལ(གླིང་ཁུལ)འཛུགས་སྐྲུན་གྱི་ཚད་རིམ་གཉིས་སྤར་དང་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་མགྱོགས་པོ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། དུས་ཐོག་ཏུ་ཉམས་མྱོང་དང་བྱེད་ཐབས་ལ་ཕྱོགས་སྡོམ་དང་བབ་བསྟུན་ལེགས་སྒྲིག་བྱས་ཏེ་སྲིད་ཇུས་ཁག་བོད་ཀྱི་དོན་དངོས་དང་མཐུན་པ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།