ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་ནན་བཤད་གནང་དོན།
ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ།

ཉེ་ཆར། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།

ཉེ་ཆར། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཉེ་ཆར། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་དཔལ་ལྡན་དོན་ཡོད་དང་། བཟོད་པ། ཡ་གུ། ཁྱུང་པོ། ཉི་དགའ། སྐལ་བཟང་ཐུབ་དབང་བཅས་ཀྱིས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དགེ་འདུན་ཤེས་ལྡན་པའི་སློབ་གསོ་གསོ་སྐྱོང་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་ཟབ་ཏུ་བཏང་བའི་གྲུབ་འབྲས་དང་མྱོང་ཚོར་ལྷུག་པོར་གླེང་སྟེ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་སྙིང་ཐག་པ་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་དང་། རང་རྟོགས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པའི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་པར་བྱས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། 2025ལོ་ནི་བོད་ལྗོངས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་སྙན་སེང་གསན་པ། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་ཚུད་པའི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་བཅས་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་གང་ལེགས་མཚོན་ཡོད། ལོ་གཅིག་གི་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ། “འདུ་ཤེས་གསུམ”གྱི་སློབ་གསོ་མུ་མཐུད་གཏིང་ཟབ་དང་རྒྱ་སྐྱེད་བཏང་བ་དང་། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་རང་རྟོགས་ངང“ཚད་གཞི་བཞི”ལག་ལེན་བསྟར་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་འཆམ་མཐུན་བཅས་ཀྱི་རྣམ་པ་སྔར་བས་སྲ་བརྟན་དུ་བཏང་ཡོད།
ཝང་ཅུན་ཀྲེང་གིས་བསྟན་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་པས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོབ་པར་སྐུལ་འདེད་བཏང་བས། དབྱར་མཚོ་རྒྱས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ལྟར་གྱི་ཉམས་བཟང་མངོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་བརྒྱུད་རིམ་ལྡན་པའི་འཆར་འགོད་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར“ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་བྱེད་དགོས་པའི་སྐུལ་སློང་བཀའ་རྒྱ་བཏང་ཡོད། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། ཆབ་སྲིད་ཐད་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རང་རྟོགས་ངང་ངོས་འཛིན་དང་བརྟན་དུ་ཏན་ཏིག་གཏོང་བ་དང་། རིག་གནས་ཐད་རང་རྟོགས་ངང་མཉམ་འདྲེས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ནས་བློ་གྲོས་དང་འཚོ་བཅུད་ལེན་པ། སྤྱི་ཚོགས་དང་རང་རྟོགས་ངང་འཚམ་པ་དང་དུས་རབས་བསྟུན་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཏན་ཏིག་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཁྲིད་སྟོན་དུ་མཐའ་འཁྱོངས་ཀྱིས། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་ལ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་ལ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་བཅོས་སྐྱོང་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་གི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ལྡོག་མེད་ཀྱི་བགྲོད་ལམ་ཡིན་པ། ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་འགན་སྲུང་གལ་ཆེན་ཡིན་པ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་དང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས་སོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཁྲིམས་སྐྱོང་གི་བསམ་བློ་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བློ་གཅིག་སེམས་གཅིག་གིས་བརྩི་མཐོང་བྱེད་མཁན་དང་། རང་རྟོགས་ངང་བརྩི་སྲུང་ཞུ་མཁན། བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་མཁན་བཅས་ཧུར་ཐག་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁྲིམས་མཐུན་ལ་སྲུང་སྐྱོང་དང་། ཁྲིམས་དང་མི་མཐུན་པ་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་སྔོན་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱེད་པའི་གཞི་རྩའི་རྩ་དོན་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་ཆོས་ལུགས་བྱེད་སྒོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ཁྱབ་ཁོངས་ནང་ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱེད་དགོས་པ་ལས། ཁྲིམས་ཀྱིས་མི་ཁྱབ་པའི་ས་དང་། ཁྲིམས་ཀྱིས་མི་ཆུན་པའི་མི། ཁྲིམས་དང་མི་མཐུན་པའི་ཆོས་ལུགས་བཅས་གཏན་ནས་ཡོད་མི་ཆོག “འདུ་ཤེས་གསུམ”གྱི་སློབ་གསོ་མུ་མཐུད་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ་དང་། མཐོང་ཐོས་ཉན་སྤྲོ་བའི་བྱེད་སྟངས་དང་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས“འདུ་ཤེས་གསུམ”གྱི་སློབ་གསོ་གསལ་པོར་ཤོད་པ་དང་། ངེས་ཐུབ་པ། ལག་བསྟར་ཐུབ་པ་བཅས་འགན་ལེན་བྱས་ཏེ། སློབ་གསོའི་ཕན་འབྲས་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་རང་རྟོགས་ཀྱི་བྱ་སྤྱོད་དུ་གང་ལེགས་བསྒྱུར་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་བརྩེ་བ་ཟབ་ཏུ་གཏོང་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱས་ཏེ་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་མིག་དཔེ་ཧུར་ཐག་བྱེད་དགོས། དད་ལྡན་མང་ཚོགས་ཚོ་དད་སྦྱོར་ཡང་དག་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ་དང་ཉམས་ལེན་ལ་འབད་པ་ལྷུར་ལེན་བྱས་ནས་ཆོས་ཀྱི་ཉམས་རྟོགས་དང་། ཀུན་སྤྱོད་ཀྱི་བྱང་ཚད། ཤེས་ཡོན་གྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སྤྲུལ་སྐུ་ཆེན་པོའི་ཡང་སྲིད་ཀྱི་ལོ་རྒྱུས་ངེས་སྲོལ་དང་། ཆོས་ལུགས་ཀྱི་ཆོ་ག སྲིད་ཇུས་ཁྲིམས་སྲོལ་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ། དགེ་བརྩོན་ཡར་ཐོན་ལ་ཁྲིད་སྟོན་དང་དྲང་ནུས་དར་སྤེལ་གཏོང་བར་ནུས་པ་འདོན་དགོས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་སྒྲིལ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཐུན་མོང་ཐོག་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ཁྲིད་སྟོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་དོན་ནི་དོན་ཆུང་མིན་པས། རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་བརྟན་པོ་འཁུར་ཏེ་ཆོས་ལུགས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱས་ནས། ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་དད་མོས་ཐད་ཕན་ཚུན་བརྩི་འཇོག་མཐའ་འཁྱོངས་ཀྱིས་འབྲེལ་འདྲིས་དང་། སྙིང་གཏམ་ཤོད་རེས། ཁྲིད་སྟོན། རོགས་རམ་བཅས་མང་ཙམ་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས།
ལོ་གསར་པ་འཆར་ལ་ཉེ་བའི་མཚམས་སུ་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ལོ་གསར་པའི་ནང་། ཚང་མ་སྐུ་གཟུགས་གསལ་ཐང་དང་། བདེ་སྐྱིད་དང་ཤེས་རབ་འཕེལ་བ། བཀྲ་ཤིས་བདེ་ལེགས་ཡོང་བ་བཅས་ཀྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། ཚོགས་འདུའི་ཐོག་ད་དུང་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན། ས་ཁུལ་དང་གྲོང་ཁྱེར་ཁག་གི་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།