ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་2025ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་14པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཝང་ཅུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བརྡ་ཁྱབ་བཏང་བ་རེད།
ཡན་ཅིན་ཧའེ་ཡིས་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་གཏན་འབེབས་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་བརྟན་འགྱུར་མེད་ཀྱིས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཝང་ཅུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། ཕྱི་འདོམས་ཀྱི་བསླབ་བྱ་གཏིང་ཟབ་ཐོབ་པར་བྱེད་པ། ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། དད་མོས་ཀྱི་རྨང་གཞི་བརྟན་དུ་བཏང་ནས“གཅུས་སྒོ་ཨ་མ”དམ་དུ་གཏོང་དགོས་ཤིང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་དེ་ཚེ་གང་སྦྱོང་དགོས་ངེས་ཀྱི་སློབ་ཚན་ཞིག་ཏུ་བརྩིས་ཏེ། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་། ང་ཚོའི་ཐོབ་ཐང་ཨང་དང་པོ་ནི་གུང་ཁྲན་ཏང་ཡོན་ཡིན་པ་དང་། འགན་འཁྲི་ཨང་དང་པོ་ནི་ཏང་གི་ཆེད་དུ་ལས་དོན་སྒྲུབ་དགོས་པ་དེ་ཡིན་པ། དམིགས་ཡུལ་ཨང་དང་པོ་ནི་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་དེ་ཡིན་པ་བཅས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཏེ་སེམས་ནང་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་བྱས་ནས་ཕུགས་བསམ་དང་དད་སེམས་དེ་ལུས་སེམས་ཆགས་སའི“གྲུ་རྡོ”ལྟ་བུར་འགྱུར་བར་བྱེད་དགོས། སྒྲིག་ཁྲིམས་ཀྱི་བསྲུང་བྱ་ནན་པོར་བསྲུངས་ཏེ“མེ་འགོག་གྱང”བརྟན་པོ་སྐྲུན་དགོས་ཤིང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་བློ་ལ་བརྟན་པོ་ངེས་པ་དང་ཆབས་ཅིག་ལག་ལེན་དུ་འཁྱོལ་བར་བྱས་ཏེ་སྤྱི་ཚོགས་ཀྱི་འབྲེལ་བའི་འཁོར་རྒྱ་དང་། འཚོ་བའི་འཁོར་རྒྱ། གྲོགས་ཚོགས་བཅས་རང་རྟོགས་ངང་གཙང་མ་བཟོ་བ་དང་། རང་གཅུན་ནན་པོ་དང་། འགན་འཁྲི་ནན་འཁུར། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་བྱས་ཏེ་རང་ཉིད་དང་། ནང་མི། ཉེ་འཁོར་གྱི་མི་བཅས་ལ་དོ་དམ་ཡག་པོ་བྱེད་དགོས། དབང་ཆའི་གལ་ཆེའི་རང་བཞིན་ལ་གུས་སྐྲག་ཡོད་པར་བྱས་ཏེ“དབང་ཆ་སྤྱོད་པའི་འགག་སྒོ”ནན་པོར་སྲུང་དགོས་ཤིང་། ཡང་དག་པའི་དབང་ཆའི་ལྟ་བ་བརྟན་པོར་བཙུགས་ནས་དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཆེད་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་མཐའ་འཁྱོངས་བྱས་ཏེ། རུལ་བསླད་ཀྱི་དྲི་མས་ནམ་ཡང་མི་འགོས་པའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པར་བྱེད་དགོས། འགན་འཁྲི་ཕྲག་ཏུ་ཁུར་ནས“གཟུངས་མདངས་ཉམས་གསུམ”འཕེལ་བར་བྱེད་དགོས་ཤིང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དམངས་ཆེད་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་གཏན་འབེབས་ལྟར་ལས་དོན་སྒྲུབ་པ་བཅས་བྱས་ཏེ། དེ་བས་ཆེ་བའི་སེམས་ཤུགས་དང་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།