རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས།
ཝང་ཅུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ།
ཚེས་25ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས། ཝང་ཅུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པའི་བརྡ་ཁྱབ་བཏང་བ་རེད། ཚོགས་ཞུགས་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་གི་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཝང་ཅུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ་དེ་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་ཀྱི་ལངས་ཕྱོགས་གསལ་པོ་གང་ལེགས་མཚོན་ལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད་པ་བཅས་ཀྱི་བརྡ་རྟགས་དྲག་པོ་ཡོངས་སུ་བཏང་བ་ཞིག་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་གི་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་གཏན་འབེབས་ཀྱི་དགོངས་དོན་དང་གཅིག་གྱུར་ཏན་ཏིག་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཝང་ཅུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་པའི་སྐོར་གྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། བསླབ་བྱ་གཏིང་ཟབ་ལེན་པ། གྱོད་དོན་དཔྱད་གཞིར་འཛིན་པ་དང་། རང་སྐྱོན་རང་གིས་བརྟག་པ། ཉེན་བརྡ་རྒྱུན་དུ་སྒྲོག་པ་བཅས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྔར་བས་དོན་འཁྱོལ་བྱེད་པ་ལྔའི”བླང་བྱ་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རང་ངོས་གསར་བརྗེའི་གནད་དོན་ཐད་ངོས་འཛིན་དེ་བས་གསལ་ལ། བྱ་སྤྱོད་དེ་བས་བློ་བརྟན་འགྱུར་མེད་དང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ། རང་གཅུན་ནན་པོ་དང་། འགན་འཁྲི་ནན་པོ། ཁོངས་གཏོགས་དོ་དམ་ནན་པོ་བཅས་བྱས་ཏེ། སྲོལ་གསར་གཞུང་དྲང་དར་སྤེལ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་ཀྱི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ལྷོད་མེད་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་དང་། སྤྱོད་གཙང་། གྲོན་ཆུང་བབ་ཆགས་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་བདེན་པ་བདེན་ཐུབ་ཀྱི་མི་དང་དྲང་པོ་དྲང་གཞག་གི་ལས་བྱེད་དགོས། དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་མཐའ་འཁྱོངས་དང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་མཐའ་འཁྱོངས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། དབང་ཆ་དྲང་བདེན་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དབང་ཆ་དམངས་ཀྱི་ཆེད་དུ་སྤྱོད་པ། སྤྱོད་གཙང་གི་དབང་ཆ་སྤྱོད་པ་བཅས་ཐུབ་པར་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་བྱེད་པོའི་འགན་འཁྲི་དང་། ཧྲུའུ་ཅི་འགན་འཁུར་བ་དང་པོ་ཡིན་པའི་འགན་འཁྲི། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རིམ་ཁག་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་ཆེད་འགན་དང་རིམ་ཁག་འགན་ནུས་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་དམ་དུ་དང་ནན་དུ་བཏང་སྟེ། རང་འགན་རང་གིས་འཁུར་བ་དང་གཅིག་གྱུར་མཐུན་སྦྱོར་གྱི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་རྣམ་པ་ཧུར་ཐག་ཆགས་པར་བྱེད་དགོས། དབང་ཆ་སྤྱོད་པར་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། “འགོ་གཙོ་དང་པོ”དང་འགག་རྩའི་ལས་གནས་ཀྱི་འགོ་ཁྲིད་ལས་བྱེད་པར་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་རུལ་སུངས་ཐོན་པའི་འབྱུང་རྩ་དང་ཆ་རྐྱེན་མེད་པར་བཟོ་བ་བཅས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།
འབྲེལ་ཡོད་གསར་འགྱུར།