རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ནན་བཤད་གནང་དོན།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཀརྨ་ཚེ་བརྟན་གྱིས་2026ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་བ།

ཟླ་12ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།

ཟླ་12ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།
ཟླ་12ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་སྟེ། 2025ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། སང་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་2026ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་གནང་སྟེ། 2025ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་དུས་བབ་ལ་དོན་གནས་ཀྱི་དབྱེ་ཞིབ་གཏིང་ཟབ་གནང་ཞིང་། “ངེས་པར་དུ་ལྔ”ཡི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་བཏོན་གནང་བ་དང་། 2026ལོའི་དཔལ་འབྱོར་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་གནང་སྟེ། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ངང་ལན་བསྐྱོན་པར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། ང་ཚོས་ལས་དོན་ཁག་ཡག་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ནས་གོ་དོན་མཐིལ་རྟོགས་དང་སྦྱངས་པ་གོ་ཆོད་དངོས་འབྲེལ་ཐུབ་པར་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། 2025ལོ་ནི་བོད་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཏེ། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས། “དོན་ཆེན་བཞི”དོན་འཁྱོལ་བྱེད་པར་དམ་པོར་དམིགས་ནས་དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་འཕར་བ་དང་། ནུས་ལྡན་མ་འཇོག་རྒྱུན་མཐུད་རྒྱ་སྐྱེད་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་ཞིང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད། ལོ་ལྔའི་རིང་འབད་བརྩོན་བྱས་པ་བརྒྱུད“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་འགྲུབ་ཐུབ་ཉེར་ཡོད་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད།
ཚོགས་འདུའི་ཐོག་བསྟན་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་གཤམ་གྱི་འབྲེལ་བ་དེ་དག་ཐག་གཅོད་ཡག་པོ་བྱེད་པར་སྣང་ཆེན་བྱེད་དགོས་པ་སྟེ། ནུས་ལྡན་གྱིས་སྤུས་ཚད་མཐོར་གཏོང་དང་འབོར་ཚད་ལུགས་མཐུན་འཕར་བ་ཟུང་འབྲེལ་མཐའ་འཁྱོངས་དང་། དངོས་པོར་མ་འཇོག་དང་མིར་མ་འཇོག་ཟུང་འབྲེལ་མཐའ་འཁྱོངས། དམངས་འཚོར་འགན་སྲུང་དང་འཛད་སྤྱོད་སྐུལ་སྤེལ་ཟུང་འབྲེལ་མཐའ་འཁྱོངས། ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་མ་འཇོག་དང་འཛད་སྤྱོད་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་བྱས་ནས་ཕན་ལྡན་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཤིང་། མ་འཇོག་ཕན་ནུས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། མ་འཇོག་གྲུབ་ཆ་ལེགས་སུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཡག་པོ་ཞུ་དགོས་ལ་འགན་སྲུང་ཡག་པོ་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་བའི་འཆར་གཞི་ལག་བསྟར་བྱེད་པ། “གསར་གཉིས”སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ། དེང་རབས་ཟོག་འགྲེམས་མ་ལག་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱེད་དགོས།
ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཤིང་། ཚན་རིག་དང་མཐུན་པའི་འཆར་འགོད་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ། གཙོ་གནད་ཚད་བརྒལ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུ། རིག་གནས་ཡུལ་སྐོར། ལྗང་མདོག་བཟོ་ལས། བོད་ལུགས་གསོ་རིག མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་ཟོག་འགྲེམས། སྤྱི་སྤྱོད་མཁའ་འགྲུལ་བཅས་ཐོན་ལས་ཆེན་པོ་དགུ་སྟོབས་ཆེར་གཏོང་དགོས།
སྒྱུར་བཅོས་དང་འགག་སྒྲོལ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཤིང་། དཔལ་འབྱོར་སྒྲིག་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་བཀོད་སྒྲིག་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང“སྒྱུར་བཅོས་དང་འགག་སྒྲོལ་ཆེན་པོ་དྲུག”གི་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་ཕྱོགས་ཡོངས་ནས་མཉམ་འདྲེས་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན། ཉིང་ཞ་བཅས་ཀྱི་དཔལ་འབྱོར་ཁུལ་དུ་མཉམ་འདྲེས་ཧུར་ཐག་ཡོང་བ་བྱས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་འཁོར་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས།
མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོར་སྔར་བས་འགན་སྲུང་དང་ལེགས་སུ་གཏོང་དགོས་ཤིང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་དང་སློབ་ཞུགས་གོང་གི་སློབ་གསོ་སྤུས་ལེགས་ཀུན་ཕན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མཐོ་སློབ་ཀྱི་སློབ་གསོ་སྒྱུར་བཅོས་ལ་རིགས་དབྱེ་ནས་སྐུལ་འདེད་བཏང་སྟེ་ཁྱད་ཆོས་མངོན་གསལ་དོད་པའི་མཐོ་རིམ་ལས་རིགས་སློབ་གྲྭ་འཛུགས་སྐྲུན་བྱེད་དགོས། བདེ་ཐང་བོད་ལྗོངས་འཛུཌ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། “དམིགས་པ་ལྔའི”བླང་བྱ་དོན་འཁྱོལ་བྱེད་པ། འཕྲོད་བསྟེན་བདེ་ཐང་གི་སྤུས་འབྲས་ལེགས་གཉེར་བྱ་སྤྱོད་སྤེལ་བ། ས་ཁོངས་ལས་བརྒལ་བའི་ལས་ཞུགས་དང་རང་ས་དང་ཐག་ཉེ་སར་ལས་ཞུགས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་སྤུས་ཚད་མཐོ་བའི་ལས་ཞུཌ་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་རོཌ་སྐྱོབ་རྒུད་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ནས་སྡོད་ཁང་ལམ་ལུགས་དང་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་ས་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས་ཤིང་། ས་ཁོངས་ཀྱི་དཔལ་འབྱོར་བཀོད་སྒྲིག་ལེགས་སུ་བཏང་ནས་ས་གནས་ཁག་གིས་རང་སོ་སོའི་དགེ་མཚན་མངོན་པ་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཐབས་ལམ་མང་པོ་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ས་མཐོའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་གསར་སྒྱུར་ལག་བསྟར་ཤུགས་ཆེན་བྱས་ཏེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་དགོས།
ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་ཕན་ཆེ་གཏོང་བ་བཅས་བྱས་ནས་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཐོན་ལས་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།
འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས་ཀྱིས་ཆུ་ཚད་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་ནས་སྒྲུབ་པ་དང་། རྟག་ཏུ་སྒྲུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་སྲུང་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད་ཀྱིས་ཏང་གི་འགོ་ཁྲིད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བཙུགས་ནས་ལག་ལེན་བསྟར་བ་དང་། མི་དམངས་ཆེད་སྲིད་དོན་ལས་རྗེས་ཐོན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་རྒྱུ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་དང་སྒྲིག་ལམ་ལྟར་བྱ་བ་སྒྲུབ་པ་བཅས་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཟ་མཁས་འཐུང་མཁས་ཀྱི་བསམ་བློ་བརྟན་དུ་གཏོང་བ། བསམ་བློ་དང་ནུས་ཤུགས་དེ་ཇུས་འགོད་དང་། ལས་སྒྲུབ། གྲུབ་འབྲས་དོན་གཉེར་བཅས་ཀྱི་ཐོག་གཅིག་སྡུད་བྱས་ཏེ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ་དང་། ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་འཛུགས་པ། རིམ་ཁག་ཏང་ཡོན་ལས་བྱེད་པས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁུར་ལས་སྒྲུབ་བྱེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གཏོད་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་ཞན་ཆ་ཏན་ཏིག་སེལ་དགོས། རིམ་ཁག་སྲིད་གཞུང་གིས་ས་ཁུལ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དང་ཆེད་དོན་འཆར་འགོད་བཟོ་བར་དམ་འཛིན་བྱེད་དགོས།
ཚོགས་འདུའི་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཡིད་ཆེས་བརྟན་གཏོང་དང་། གོ་སྐབས་དམ་འཛིན། གསར་འབྱེད་ཡར་བརྩོན་བཅས་བྱས་ཐོག དཔལ་འབྱོར་དང་སྤྱི་ཚོཌ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།