དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-11

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གཟིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ཐེག་པ་ཁུར་ལེན་ཆེ་རུ་བཏང་སྟེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐོར་གཟིགས་ཀྱི་གནས་ཚུལ་སྙན་སེང་གསན་སྐབས་དང་། ཟླ་11ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ནན་ཏན་བྱས་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་གིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ལ་སྐོར་གཟིགས་བྱས་འབྲས་གཅིག་སྡུད་ཚུར་ལན་སྤྲོད་པའི་ཚོགས་འདུ་དང་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་བཞི་པས་བོད་རང་སྐྱོང་ལྗོངས་ལ་སྐོར་གཟིགས་བྱས་པའི་གནས་ཚུལ་ཚུར་ལན་སྤྲོད་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་སྦྲགས། རང་ལྗོངས་ཀྱི་དག་ཐེར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བ་མ་ཟད། སྐོར་གཟིགས་སྙན་སེང་གསན་ཏེ་གསུང་བཤད་གལ་ཆེན་གནང་བ་དང་། རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོར་སྐོར་གཟིགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གཟིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐོར་གཟིགས་ཀྱི་གནས་ཚུལ་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས། སྐོར་གཟིགས་དག་ཐེར་བྱེད་པ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བྱ་སྤྱོད་དངོས་ལ་བརྩི་བ་དང་། ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་གོ་སྐབས་གལ་ཆེན་ལ་བརྩི་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ལ་བརྩི་བ་བཅས་བྱེད་པ་དང་། སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་མཐའ་འཁྱོངས། གནད་དོན་ལ་གཏུག་ཕོད་པ་དང་དག་ཐེར་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། དག་ཐེར་གྱི་ཕན་འབྲས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་འགུལ་ངང་གནད་དོན་ལ་ངོས་འཛིན་བྱེད་པ་ནི་རིག་པ་དྭངས་གསལ་ཞིག་ཡིན་པ་དང་། གནད་དོན་ལ་གཏུག་ཕོད་པ་ནི་གདེང་ཚོད་ཅིག་ཡིན་པ། གནད་དོན་ཐག་གཅོད་བྱེད་ཐུབ་པ་ནི་འཇོན་ཐང་ཞིག་རེད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གཙོ་གནད་དང་འགག་རྩ་མངོན་གསལ་དོད་པོ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞན་ཆ་དང་སྐྱོན་ཆ་སེལ་བ། དག་ཐེར་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྐོར་གཟིགས་དག་ཐེར་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་གྱིས་དག་ཐེར་ལ་དམ་འཛིན་བྱས་ཏེ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་དང་། དག་ཐེར་དངོས་འབྲེལ་དང་དག་ཐེར་ཏན་ཏིག་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། ཁྱབ་ཁོངས་ཁག་ཏུ་གནས་པའི་ལམ་སྲོལ་རང་བཞིན་དང་ལམ་ལུགས་རང་བཞིན་གྱི་སྐྱོན་ཆ་འཚོལ་ཞིབ་གཏིང་ཟབ་བྱེད་པ། དམིགས་སའི་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་ཐག་གཅོད་ཇུས་གཞི་གྲུབ་པ། སྐོར་གཟིགས་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། སྐོར་གཟིགས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐོར་གཟིགས་ལ་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐོར་གཟིགས་ཀྱི་རྩ་ལག་མཉམ་བཅོས་ཀྱི་འཐབ་ཇུས་ནུས་པ་འདོན་དགོས། ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་དག་ཐེར་ལ་དམ་འཛིན་བྱས་ཏེ། སྐོར་གཟིགས་དག་ཐེར་བྱེད་རྒྱུ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་དག་ཐེར་ལ་དམ་འཛིན་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་དང“ཟ་མཁས་འཐུང་མཁས”ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། རང་རྟོགས་ངང་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་ལྟ་ཞིབ་དང་། དབྱེ་ཞིབ། བསམ་གཞིག་བཅས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་བ། བརྩེ་སེམས་འཆང་བཞིན་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་ཡག་པོ་སྒྲུབ་པ། ཐབས་ཇུས་འགོད་རྒྱུ་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། ལག་བསྟར་བྱ་རྒྱུ་མཐའ་གཅིག་ཏུ་ནུས་ལྡན། བྱ་བ་བསྒྲུབ་རྒྱུ་ཁྲིམས་མཐུན་ནུས་ཆེ་ཡོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། རང་ངོས་གསར་བརྗེ་མཐའ་འཁྱོངས་ཀྱིས་དག་ཐེར་ལ་དམ་འཛིན་བྱས་ཏེ། སྐོར་གཟིགས་དག་ཐེར་བྱེད་པ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཆབ་སྲིད་ཀྱི་ཁོར་ཡུག་གཙང་བཟོ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་བ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན། གྲི་དངོ་རང་གཏད་ཀྱི་བློ་སྟོབས་དང་འཛེམ་མེད་དམར་འདོན་གྱི་ཆོད་སེམས་ལ་བརྟེན་ནས་འབད་བརྩོན་ཆེན་པོས་རྙོག་གལ་ཆེ་བའི་གནད་དོན་ཐག་གཅོད། ནན་ཞིང་ཞིབ་ཚགས་པའི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་དག་ཐེར་ལ་ཐོབ་པའི་ཕན་འབྲས་འགན་ལེན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་རྒྱུན་སྲིང་ལྷོད་མེད་ངང་སྐོར་གཟིགས་ཀྱི“ལས་དོན་རྗེས་མ”གཏིང་ཟབ་དང་ཏན་ཏིག་སྒྲུབ་དགོས། དག་ཐེར་གྱི་འགན་འཁྲི་ནན་དུ་ཏན་ཏིག་བཏང་ནས། འགོ་ཁྲིད་ལས་བྱེད་པས་དག་ཐེར་ལས་འགན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཞིབ་བཤེར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་འགན་འཁྲི་དོན་འཁྱོལ་མི་ཐུབ་པའི་རིགས་ཐར་པར་མི་གཏོང་བ་དང་། གནད་དོན་དག་ཐེར་མི་ཐུབ་པའི་རིགས་མཚམས་མི་འཇོག་པ། དག་ཐེར་མཐར་ཕྱིན་མི་ཐུབ་པའི་རིགས་མཇུག་མི་བསྡུ་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྐོར་ཞིབ་དག་ཐེར་གྱི་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་གཙོ་གནད་མངོན་གསལ་དོད་པོ་དང་། ཟུར་བསྟན་ལེབ་མཐོང་བྱས་ནས་དག་ཐེར་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་དག་ཐེར་གྱི་ཇུས་གཞི་དང་ལྟ་བསྡུར་བྱས་ནས་ལས་ཀའི་རྩིས་ཁྲ་དང་། གནད་དོན་གྱི་གསལ་ཐོ། ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་བཟོས་ཏེ། རེ་རེ་བཞིན་ལ་དམ་འཛིན་གྱིས་སྐུལ་འདེད་གཏོང་བ་དང་རེ་རེ་བཞིན་ལ་སྐུལ་འདེད་ཀྱིས་དོན་འཁྱོལ་བྱེད་དགོས། སྐོར་གཟིགས་དག་ཐེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྐོར་གཟིགས་ཕྱོགས་བསྡུས་ལྟ་སྐུལ་གྱི་ནུས་པ་ཏན་ཏིག་འདོན་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཚན་གྱིས་དག་ཐེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཤེས་རྟོགས་བྱུང་བའི་གནད་དོན་དང་དག་ཐེར་དོན་འཁྱོལ་བྱས་ཚུལ་ལྟ་སྐུལ་གྱི་གཙོ་གནད་ནང་འཇུག་པ། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། རྗེས་སྙེག་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་བདའ་འདེད་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་དག་ཐེར་གྱི་སྤུས་ཚད་དང་ཕན་འབྲས་ལ་འགན་ལེན་བྱེད་དགོས། སྐོར་གཟིགས་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ། སྐོར་གཟིགས་དག་ཐེར་བྱེད་རྒྱུ་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། དེ་བཞིན་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱུན་གཏན་གྱི་ལས་ཀ་དང་འགན་ནུས་འགན་འཁྲི་དང་མཉམ་འདྲེས་བྱས་ཏེ། གནད་དོན་གཅིག་ཤེས་རྟོགས་ཐུབ་ན་དེ་ཐག་གཅོད་བྱེད་པ་དང་ལམ་ལུགས་ཆ་ཚང་ཞིག་གྲུབ་པར་བྱས་ཐོག གོང་འོག་མཉམ་འགུལ་དང་བརྒྱུད་རིམ་ལྡན་པའི་དག་ཐེར་ལ་སྐུལ་འདེད་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།