དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-06

    ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཉིས་པ་ཡིན་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། གོ་བ་ཞིབ་ཕྲ་ལེན་པ། ལག་ལེན་ནན་ཏན་བསྟར་བ་བཅས་བྱས་ཏེ་ཁྲིམས་སྐྱོང་འཛུགས་སྐྱོང་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོའི་ཐོག་ཀརྨ་ཚེ་བརྟན་གྱིས་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་པས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབས་ཏེ་ལྷག་བསམ་ཟོལ་མེད་དང་། དྭངས་གཙང་། འགན་འཁུར་བ་བཅས་ཀྱི་མི་དམངས་ཀྱི་གཞུང་ཞབས་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཁོང་གིས་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སྒྲུབ་པ་བཅས་ཡག་པོ་བྱེད་དགོས། ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་སྟེ“དོན་ཆེན་བཞིར”དམིཌ་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཁྲིམས་སྐྱོང་ལ་བརྟེན་ནས་རྩ་བ་བརྟན་གཏོང་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་བྱེད་དགོས། འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་མངོན་པ་དང་། ནུས་པ་དང་འཇོན་ཐང་ཞུན་བརྡར་བྱེད་པ། འགན་འཁྲི་ནན་ཏན་འཁུར་བ་བཅས་བྱེད་དགོས། མཐའ་ཚད་དང་དམར་ཐིག་བརྟན་པོ་བསྲུངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་བྱེད་དགོས།

    ཁྲིམས་སྐྱོང་དར་ཚེ་མི་རིགས་དར་བ་དང་ཁྲིམས་སྐྱོང་སྟོབས་ཆེར་གྱུར་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། ཀརྨ་ཚེ་བརྟན་གྱིས་ད་དུང་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་སོགས་གཙོ་གནད་ལས་དོན་ལ་བརྟག་ཞིབ་གནང་བ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་ཉེན་རྟོག་པ་དང་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པ་དང་སྤེལ་རེས་གཏིང་ཟབ་གནང་སྟེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་བ་སེལ་བ། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁར་ཁ་གཏད་གཅོག་པ་བཅས་ཀྱི་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཞབས་འདེགས་ཞུ་བ་དང“ལས་ཆོད་ཆེན་པོས་བྱ་བ་གཅིག་སྒྲུབ་པ”གཞི་རྟེན་དུ་བྱས་ཏེ། ནན་པོ་དང་། ཚད་ལྡན། དྲང་གཞག ཤེས་དཔལ་བཅས་ལྡན་པའི་ཁྲིམས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཐོག ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་དགོས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དམངས་ཡོངས་ཀྱི་ཁྲིམས་སྐྱོང་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། གནད་དོན་འཕྲད་ན་བཅའ་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་སྤྱོད་པ། འགལ་བ་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁོར་ཡུག་ཟབ་མོ་ཆགས་ཐབས་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད། ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་དང་སྲིད་འཛིན་བསྐྱར་གྲོས་ཚོམས་ཆེན་དུ་དམངས་ཆེད་ཁྲིམས་སྐྱོང་གི་དམིགས་ཡུལ་ལག་ལེན་བསྟར་ནས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་དྲང་གཞག་དང་དྲང་བདེན་ཚོར་བར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་སྣེ་ལེན་ཚོམས་ཆེན་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཡག་པོ་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ཚད་ལྡན་དང་། ཁྲིད་སྟོན། འདེགས་སྐྱོར། འགན་སྲུང་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།