《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
(1998ལོའི་ཟླ་4ཚེས་1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག་གྲོས་འཆམ་བྱུང་བ། 1999ལོའི་ཟླ་9ཚེས་23ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་དག་བཅོས་ཐེངས་དང་པོ་བྱས། 2004ལོའི་ཟླ་6ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་དག་བཅོས་ཐེངས་གཉིས་པ་བྱས། 2010ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུབ་འགོག་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་11ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས། 2025ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་11ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》གཞིར་བཟུང་དག་བཅོས་ཐེངས་བཞི་པ་བྱས)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། ཉེན་ཟོན་བྱ་ཡུལ་གཙོ་གནད།
ལེའུ་གསུམ་པ། མི་དམངས་མཁའ་ཟོན་གྱི་ལས་གྲྭ
ལེའུ་བཞི་པ། འཕྲིན་གཏོང་དང་ཉེན་བརྡ།
ལེའུ་ལྔ་པ། ཁ་འགྲེམས་སྟངས།
ལེའུ་དྲུག་པ། མང་ཚོགས་ཀྱི་མཁའ་ཟོན་རྩ་འཛུགས།
ལེའུ་བདུན་པ། མི་དམངས་མཁའ་ཟོན་གྱི་སློབ་གསོ།
ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་དགུ་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཕན་ནུས་ལྡན་པའི་སྒོ་ནས་མི་དམངས་ཀྱིས་མཁའ་ཟོན་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བདེ་བླག་ངང་འཛུགས་སྐྲུན་ཐུབ་པར་འགན་སྲུང་བྱེད་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཐའ་ཟོན་བཅའ་ཁྲིམས》(གཤམ་དུ《མི་དམངས་མཁའ་ཟོན་བཅའ་ཁྲིམས》ཞེས་བསྡུ་རྒྱུ)གཞིར་བཟུང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྩ་འཛུགས་དང་མི་སྒེར་ཚང་མས་ངེས་པར་དུ《མི་དམངས་མཁའ་ཟོན་བཅའ་ཁྲིམས》དང་བྱ་ཐབས་འདིར་སྲུང་བརྩི་ཞུ་དགོས།
དོན་ཚན་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་བོད་དམག་ཁུལ་ཁང་གིས་རང་སྐྱོང་ལྗོངས་ཀྱི་མི་དམངས་མཁའ་ཟོན་གྱི་གཙོ་གནད་གྲོང་ཁྱེར་དང་། རྫོང(ཆུས། གྲོང་ཁྱེར)གཏན་འཁེལ་བྱ་རྒྱུ།
དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་། དེ་དང་རིམ་པ་གཅིག་མཚུངས་ཀྱི་དམག་དོན་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་མི་དམངས་མཁའ་ཟོན་གྱི་ལས་ཀར་འགོ་ཁྲིད་བྱ་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་མི་དམངས་མཁའ་ཟོན་གྱི་ལས་ཀའི་གཙོ་འགན་འཁུར་རྒྱུ་དང་། 《མི་དམངས་མཁའ་ཟོན་བཅའ་ཁྲིམས》དང་བྱ་ཐབས་འདི་ལག་བསྟར་བྱེད་འགན་འཁུར་རྒྱུ། རང་སྐྱོང་ལྗོངས་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་མི་དམངས་མཁའ་ཟོན་གྱི་ལས་ཀའི་གཙོ་འགན་འཁུར་རྒྱུ།
མི་དམངས་མཁའ་ཟོན་གྱི་གཙོ་གནད་གྲོང་ཁྱེར་དང་། རྫོང(ཆུས། གྲོང་ཁྱེར)ཁག་ལ་ངེས་པར་དུ་མི་དམངས་མཁའ་ཟོན་གྱི་གཙོ་འགན་སྡེ་ཚན་ཡོད་དགོས།
མི་དམངས་མཁའ་ཟོན་གྱི་གཙོ་གནད་གྲོང་ཁྱེར་དང་རྫོང་ཁོངས་སུ་བཅུག་མེད་པའམ་ཡང་ན་མི་དམངས་མཁའ་ཟོན་འཛུགས་སྐྲུན་གྱི་དགོས་མཁོར་གཞིགས་ནས་ངེས་པར་དུ་མི་དམངས་མཁའ་ཟོན་གྱི་གཙོ་འགན་སྡེ་ཚན་ཡོད་དགོས་པའམ་ཡང་ན་དམིགས་འཛུགས་བྱས་པའི་མི་དམངས་མཁའ་ཟོན་གྱི་གཙོ་འགན་སྡེ་ཚན་ཡོད་དགོས།
དོན་ཚན་ལྔ་པ། མི་དམངས་མཁའ་ཟོན་ཐད་ཡུན་རིང་གྲ་སྒྲིག་དང་། གཙོ་གནད་འཛུགས་སྐྲུན། ཞི་དྲག་ཟུང་འབྲེལ་བཅས་བྱེད་པའི་མཛད་ཕྱོགས་ལག་བསྟར་བྱ་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་དམངས་མཁའ་ཟོན་གྱི་འཛུགས་སྐྲུན་དེ་དག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞིའི་ནང་འཇུག་དགོས་པ་དང་། རྒྱལ་སྲུང་གི་དགོས་མཁོར་གཞིགས་ཏེ་གྲོང་ཁྱེར་ཁྱོན་ཡོངས་ཀྱི་འཆར་འགོད་དང་འཚམ་པའི་མི་དམངས་མཁའ་ཟོན་འཛུགས་སྐྲུན་གྱི་འཆར་གཞི་བཟོས་ནས་གྲོང་ཁྱེར་འཛུགས་སྐྲུན་དང་མཉམ་དུ་སྤེལ་དགོས།
དོན་ཚན་དྲུག་པ། མི་དམངས་མཁའ་ཟོན་གྱི་གྲོན་དངུལ་དེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་མཉམ་དུ་འགན་འཁུར་རྒྱུ་སྟེ།
(གཅིག)རྒྱལ་ཁབ་ནས་བཏང་བའི་མི་དམངས་མཁའ་ཟོན་འཛུགས་སྐྲུན་ཐད་ཀྱི་ཆེད་སྤྱོད་གྲོན་དངུལ་དང་།
(གཉིས)རང་སྐྱོང་ལྗོངས་མི་དམངས་མཁའ་ཟོན་གྱི་གཙོ་གནད་གྲོང་ཁྱེར་དང་། རྫོང(ཆུས། གྲོང་ཁྱེར)ཁག་གི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་དམངས་མཁའ་ཟོན་འཛུགས་སྐྲུན་གྱི་གྲོན་དངུལ་དེ་ལོ་གོང་མའི་རིམ་པ་དེ་གའི་ས་གནས་ནོར་སྲིད་ཡོང་འབབ་ཀྱི་བསྡོམས་འབོར་གྱི་སྟོང་ཆ་གཅིག་ནས་མི་ཉུང་བ་ཟུར་འཐེན་བྱས་ཏེ་ལོ་དེའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས། དེ་མིན་གྱི་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་ཁག་གིས་ཀྱང་ས་གནས་ནོར་སྲིད་ཀྱི་གནས་ཚུལ་ལ་བལྟས་ཏེ་མི་དམངས་མཁའ་ཟོན་གྱི་གྲོན་དངུལ་བབ་བསྟུན་བཀོད་སྒྲིག་བྱེད་དགོས།
(གསུམ)འབྲེལ་ཡོད་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས་ལྟར་མི་དམངས་མཁའ་ཟོན་ཐད་ཀྱི་གྲོན་དངུལ་སྤྲོད་འགན་འཁུར་དགོས།
(བཞི)མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་བསྡུས་པའི་ས་ཆ་གཞན་དུ་གཅིག་གྱུར་འཛུགས་སྐྲུན་བྱ་རྒྱུའི་འགྲོ་གྲོན།
(ལྔ)སྤྱི་ཚོགས་ཀྱིས་གྲབས་གསོག་བྱས་པའི་མ་དངུལ་དང་བེད་སྤྱད་པའི་ལྗོངས་ཕྱི་རོལ་གྱི་མ་རྩ།
(དྲུག)དེ་མིན་གྱི་འགྲོ་གྲོན་རིགས་བཅས་སོ།
དོན་ཚན་བདུན་པ། མི་དམངས་མཁའ་ཟོན་གྱི་གྲོན་དངུལ་ནི་མི་དམངས་མཁའ་ཟོན་འཛུགས་སྐྲུན་དང་མི་དམངས་མཁའ་ཟོན་གྱི་ལས་སྒོའི་ཆེད་དངུལ་ཡིན་པས་མི་དམངས་མཁའ་ཟོན་གྱི་ནོར་དོན་དོ་དམ་གྱི་གཏན་འབེབས་གཞིར་བཟུང་དོ་དམ་ནན་པོ་བྱེད་དགོས་པ་ལས་གཞན་སྒྱུར་དང་གཞན་སྤྱོད་བྱེད་མི་ཆོག རིམ་ཁག་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་མི་དམངས་མཁའ་ཟོན་གྱི་འགྲོ་གྲོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
མི་དམངས་མཁའ་ཟོན་གྱི་ཆེད་སྤྱོད་འགྲོ་གྲོན་གྱི་གཏོང་སྒོར་རིམ་པ་གཅིག་མཚུངས་ཀྱི་རྩིས་བཤེར་དང་ནོར་སྲིད་སྡེ་ཚན་གྱི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་བྱེད་དགོས།
དོན་ཚན་བརྒྱད་པ། མི་དམངས་མཁའ་ཟོན་གྱི་སྒྲིག་བཀོད་འཛུགས་སྐུན་དང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཁྲལ་བསྡུ་དང་དེ་མིན་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། གློག་རིན་དང་། ཆུ་འདོན་ཆུ་འབུད་ཀྱི་གླ་རིན། དེ་བཞིན་གྲོང་ཁྱེར་དོ་དམ་དང་འཕྲིན་གཏོང་། ཉེན་བརྡའི་འགུལ་ཚད་བཟུང་སྤྱོད་སོགས་ཐད་ཀྱི་གླ་རིན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ།
དོན་ཚན་དགུ་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་ཀྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་མི་དམངས་མཁའ་ཟོན་ཐད་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པར་རང་སྐྱོང་ལྗོངས་ཀྱིས་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ། མི་དམངས་མཁའ་ཟོན་གྱི་ལས་གྲྭ་གསར་སྤེལ་བེད་སྤྱོད་གཏོང་ཕྱོགས་ཐད་རྣམ་ཀུན་མ་རྩ་གཏོང་མཁན་གྱིས་བདེ་སྤྱོད་དང་། བདག་སྐྱོང་། དོ་དམ་བཅས་བྱ་རྒྱུ་དང་། ཁེ་འབབ་མ་རྩ་གཏོང་མཁན་ལ་དབང་བ་མ་ཟད། མི་དམངས་མཁའ་ཟོན་འཛུགས་སྐྲུན་ཐད་ཀྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ཀྱང་ལོངས་སུ་སྤྱོད་རྒྱུ་ཡོད།
དོན་ཚན་བཅུ་པ། རྩ་འཛུགས་དང་མི་སྒེར་ཚང་མར་མཁའ་རྒོལ་ཉེན་ཟོན་གྱི་ཁ་གྲམ་དང་ཡིབ་འཇོག་བྱ་རྒྱུ་དང་། སྨན་བཅོས་སྲོག་སྐྱོབ་དང་རོགས་སྐྱོབ་བྱ་རྒྱུ། ཉེར་མཁོའི་འཚོ་ཆས་མཁོ་འདོན་བྱ་རྒྱུ་སོགས་ཀྱི་དབང་ཆ་སྤྱོད་རྒྱུ་ཡོད་པ་མ་ཟད། 《མི་དམངས་མཁའ་ཟོན་བཅའ་ཁྲིམས》དང་བྱ་ཐབས་འདི་ལས་འགལ་མཁན་གྱི་ཚན་པ་དང་མི་སྒེར་ལ་ཐེར་འཛུགས་དང་ཐེར་འདོན་བྱེད་དབང་ཡང་ཡོད།
ཚན་པ་དང་མི་སྒེར་ཚང་མར་མི་དམངས་མཁའ་ཟོན་གྱི་འཛུགས་སྐྲུན་ནང་ཞུགས་པ་དང་། མི་དམངས་མཁའ་ཟོན་གྱི་འགྲོ་གྲོན་འདོན་པ། མི་དམངས་མཁའ་ཟོན་གྱི་བྱ་བ་སྒྲུབ་པ། མི་དམངས་མཁའ་ཟོན་གྱི་སྒྲིག་ཆས་སྲུང་སྐྱོབ་བྱེད་པ། མི་དམངས་མཁའ་ཟོན་གྱི་སློབ་གསོ་དང་ལེན་ཞུ་བ། མང་ཚོགས་ཀྱི་མཁའ་ཟོན་རྩ་འཛུགས་ནང་ཞུགས་པ་དང་སྦྲགས་ཆེད་ལས་སྦྱོང་བརྡར་དང་ལེན་བྱེད་པ། ཉེན་སེལ་གེགས་འགོག་དང་ཕན་ཚུན་རོགས་སྐྱོབ་བྱེད་པ་བཅས་ནང་ཞུགས་རྒྱུའི་འོས་འགན་ཡོད།
དོན་ཚན་བཅུ་གཅིག་པ། རྒྱལ་ཁབ་ཀྱིས་མི་དམངས་མཁའ་ཟོན་གྱི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པས་རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་གི་ཀྱང་དེར་བཙན་གནོད་དང་གཏོར་བཤིག་གཏོང་མི་ཆོག
དོན་ཚན་བཅུ་གཉིས་པ། གཤམ་གསལ་གནས་ཚུལ་གང་རུང་ཞིག་ཡོད་པའི་ཚན་པ་དང་མི་སྒེར་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དམག་དོན་ལས་ཁུངས་ཀྱིས་བྱ་དགའ་སྤྲོད་རྒྱུ་སྟེ།
(གཅིག) 《མི་དམངས་མཁའ་ཟོན་བཅའ་ཁྲིམས》དང་བྱ་ཐབས་འདི་ལག་བསྟར་བྱ་རྒྱུའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་དང་།
(གཉིས)མི་དམངས་མཁའ་ཟོན་གྱི་ལས་གྲྭ་འཛུགས་སྐྲུན་དང་། བདག་སྐྱོང་། དོ་དམ་བཅས་བྱ་རྒྱུའི་ཐད་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན།
(གསུམ)མི་དམངས་མཁའ་ཟོན་གྱི་སྒྲིག་ཆས་རིགས་སྤྱད་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་མཁན།
(བཞི)མི་དམངས་མཁའ་ཟོན་ཐད་ཀྱི་དྲིལ་བསྒྲགས་དང་སློབ་གསོའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མཁན།
(ལྔ)མི་དམངས་མཁའ་ཟོན་གྱི་འཛུགས་སྐྲུན་ནང་གལ་ཆེའི་ལེགས་སྐྱེས་གཞན་དག་འབུལ་མཁན་བཅས་སོ།
ལེའུ་གཉིས་པ། ཉེན་ཟོན་བྱ་ཡུལ་གཙོ་གནད།
དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་རིམ་པ་གཅིག་མཚུངས་ཀྱི་དམག་དོན་ལས་ཁུངས་ཀྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་ཉེན་ཟོན་བྱ་ཡུལ་གཙོ་གནད་དང་གལ་ཆེའི་དཔལ་འབྱོར་གྱི་དམིགས་སྒོ་གཏན་འཁེལ་བྱེད་དགོས་པ་དང་ནུས་ལྡན་གྱི་ཉེན་ཟོན་བྱ་ཐབས་བཟོ་དགོས།
གྲོང་ཁྱེར་དང་། རྫོང(ཆུས། གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་སྒྲིག་འཛུགས་བྱས་ནས་མཁའ་རྒོལ་འགོག་ཟོན་གྱི་སྔོན་གྲབས་ཇུས་གཞི་བཟོ་དགོས་ཤིང་། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་དང་དམག་དོན་ལས་ཁུངས་ཀྱི་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་དུས་ཚོད་འཚམ་ངེས་སྐབས་ནང་སྦྱོང་དང་དངོས་སྦྱོང་བྱེད་དགོས། དེ་བཞིན་མཁའ་ཟོན་བྱེད་ཐབས་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་ནས་དམངས་ཡོངས་ཀྱི་མཁའ་ཟོན་འདུ་ཤེས་ཟབ་ཏུ་གཏོང་དགོས།
དོན་ཚན་བཅུ་བཞི་པ། གཙོ་གནད་གྲོང་ཁྱེར་དང་། རྫོང(ཆུས། གྲོང་ཁྱེར)ཁག་གི་གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་སོགས་སྡེ་ཚན་གྱིས་ངེས་པར་དུ་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་མི་དམངས་མཁའ་ཟོན་གྱི་འཛུགས་སྐྲུན་འཆར་འགོད་བཟོ་དགོས།
དོན་ཚན་བཅོ་ལྔ་པ། གྲོང་ཁྱེར་གྱི་ས་འོག་འགྲིམ་འགྲུལ་མ་ལམ་དང་དེ་བཞིན་ས་འོག་གི་འཛུགས་སྐྲུན་གཞན་དག་དང་། གལ་ཆེའི་དཔལ་འབྱོར་གྱི་དམིགས་སྒོའི་འཛུགས་སྐྲུན་ལ་ངེས་པར་དུ་མི་དམངས་མཁའ་ཟོན་གྱི་དགོས་མཁོར་བསྟུན་ནས་ཕན་ལྡན་གྱི་ཉེན་ཟོན་བྱ་ཐབས་སྤྱོད་དགོས། མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གོང་གསལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཇུས་གཞིར་ཞིབ་བཤེར་དང་། ལས་གྲྭར་ལྟ་སྐུལ། ལས་མཇུག་ཞིབ་དཔྱད་རྩིས་ལེན་བཅས་བྱ་རྒྱུའི་ནང་ཞུགས་དགོས།
ལེའུ་གསུམ་པ། མི་དམངས་མཁའ་ཟོན་གྱི་ལས་གྲྭ།
དོན་ཚན་བཅུ་དྲུག་པ། མི་དམངས་མཁའ་ཟོན་གྱི་ལས་གྲྭ་ཞེས་པ་ནི་དམག་འཁྲུག་སྐབས་སུ་མི་དང་དངོས་པོ་ཡིབ་འཇོག་དང་། མི་དམངས་མཁའ་ཟོན་གྱི་བཀོད་འདོམས། སྨན་བཅོས་སྲོག་སྐྱོབ་སོགས་བྱ་རྒྱུར་འགན་སྲུང་བྱེད་ཆེད་ལོགས་སུ་བསྐྲུན་པའི་ས་འོག་གི་ཉེན་ཟོན་ཨར་སྐྲུན་དང་དེ་བཞིན་ས་ངོས་ཨར་སྐྲུན་དང་ཟུང་འབྲེལ་བྱས་ཏེ་བསྐྲུན་པའི་དམག་འཁྲུག་སྐབས་སུ་མཁའ་ཟོན་བྱ་རྒྱུར་སྤྱོད་པའི་ས་འོག་གི་ཁང་པར་ཟེར། མི་དམངས་མཁའ་ཟོན་གྱི་ལས་གྲྭ་བསྐྲུན་རྒྱུ་དེ་ཉེན་ཟོན་རིམ་པ་དང་འཛུགས་སྐྲུན་གྱི་གཞི་ཁྱོན་ལ་གཞིགས་ནས་གཅིག་གྱུར་དོ་དམ་དང་རིམ་དབྱེ་འགན་འཁུར་བྱེད་པའི་རྩ་དོན་ལག་བསྟར་བྱ་རྒྱུ།
མི་དམངས་མཁའ་ཟོན་གྱི་ལས་གྲྭའི་འཆར་གཞི་བཟོ་རྒྱུ་དང་། ཇུས་འགོད་ཞིབ་བཤེར་བྱ་རྒྱུ། སྤུས་ཚད་ལ་ལྟ་སྐུལ་བྱ་རྒྱུ། དེ་བཞིན་ལས་མཇུག་ཞིབ་དཔྱད་རྩིས་ལེན་བྱ་རྒྱུ་བཅས་རྣམ་གྲངས་ཀྱི་ཁོངས་སུ་འཇུག་རྒྱུའི་ཐད་ཆོག་མཆན་སྤྲོད་མཁན་གྱི་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་འགན་འཁུར་རྒྱུ།
དོན་ཚན་བཅུ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་མི་དམངས་མཁའ་ཟོན་ཐད་སྤྱོད་རྒྱུའི་ས་ཆའི་རིགས་ལ་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ།
དོན་ཚན་བཅོ་བརྒྱད་པ། གཙོ་གནད་གྲོང་ཁྱེར་དང་། རྫོང(ཆུས། གྲོང་ཁྱེར)ཁག་ལ་དམངས་སྤྱོད་ཀྱི་ཨར་སྐྲུན་གསར་པ་རྒྱག་སྐབས་ཐོག་བརྩེགས་བདུན་ཡན(ཐོག་བརྩེགས་བདུན་ཚུད)ཡོད་ཚེ་ངེས་པར་དུ་དེའི་ས་འོག་ཏུའང་ས་ངོས་ཀྱི་ཐོག་བརྩེགས་དང་པོའི་རྒྱ་ཁྱོན་དང་མཚུངས་པའི་དམག་འཁྲུག་གི་དུས་སྐབས་སུ་མཁའ་ཟོན་བྱ་རྒྱུར་མཁོ་བའི་ས་འོག་ཁང་པ་རྒྱག་དགོས། ཐོག་བརྩེགས་དྲུག་མན(ཐོག་བརྩེགས་དྲུག་ཚུད)དང་ཨར་སྐྲུན་རྒྱ་ཁྱོན་7000m2ཡན(དེ་ཁོངས་སུ་7000m2ཚུད)ཡོད་ཚེ་ངེས་པར་དུ་ཐེངས་གཅིག་ལ་གཤམ་སྤེལ་བྱས་པའི་འཆར་གཞིའི་ཇུས་འགོད་ཀྱི་ལས་འགན་གཞིར་བཟུང་སའི་ངོས་སུ་གསར་རྒྱག་བྱས་པའི་ཨར་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་གྱི་2%ཟིན་པའི་མཁའ་ཟོན་གྱི་ས་འོག་ཁང་པ་རྒྱག་རྒྱུའི་ཐད་གཅིག་གྱུར་འཆར་འགོད་བྱེད་དགོས། མཁའ་ཟོན་གྱི་ས་འོག་ཁང་པ་རྒྱག་རྒྱུ་དེ་གཞི་རྩའི་འཛུགས་སྐྲུན་གྱི་འཆར་གཞིའི་ནང་བཅུག་ནས་འཛུགས་སྐྲུན་ཚན་པས་རྒྱག་དགོས།
མཁའ་ཟོན་གྱི་ས་འོག་ཁང་པ་ཇུས་འགོད་བྱེད་སྐབས་དམག་འཁྲུག་སྐབས་སུ་མཁའ་ཟོན་ཐུབ་པ་དང་། རྣམ་ཀུན་དུ་ཐོན་སྐྱེད་དང་འཚོ་བར་ཞབས་ཞུ་སྒྲུབ་པའི་གོ་ཉིས་ཆོད་ཀྱི་ནུས་པ་ལྡན་དགོས།
དོན་ཚན་བཅུ་དགུ་པ། གཏན་འབེབས་གཞིར་བཟུང་ངེས་པར་དུ་མཁའ་ཟོན་གྱི་ས་འོག་ཁང་པ་རྒྱག་དགོས་ངེས་ཡིན་རུང་ས་བབ་ས་གཤིས་དང་ཨར་སྐྲུན་ཆ་རྐྱེན་གྱི་ཚད་བཀག་ཐེབས་པའི་དབང་གིས་ཨར་སྐྲུན་བྱེད་ཐབས་མེད་ན་འཛུགས་སྐྲུན་ཚན་པས་ས་ངོས་ཨར་སྐྲུན་ཐད་བཏང་བའི་སྤྱིའི་མ་དངུལ་གྱི་2%ལྟར་རང་གནས་སའི་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་ལ་ས་ཆ་གཞན་དུ་གཅིག་གྱུར་སྐྲུན་རྒྱུའི་འགྲོ་གྲོན་འཇལ་དགོས་པ་དང་། མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་གཅིག་གྱུར་ཐོག་ཨར་སྐྲུན་བྱ་རྒྱུ།
དོན་ཚན་ཉི་ཤུ་པ། འཆར་གཞིའི་སྡེ་ཚན་གྱིས་བྱ་ཐབས་འདིའི་དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་དང་འབྲེལ་བ་ཡོད་པའི་གསར་སྐྲུན་རྣམ་གྲངས་རིགས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་སྐབས་ངེས་པར་དུ་དམག་འཁྲུག་སྐབས་སུ་མཁོ་བའི་མཁའ་ཟོན་གྱི་ས་འོག་ཁང་པ་བསྐྲུན་རྒྱུའི་ཐད་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་པའི་བསམ་འཆར་ཉན་དགོས།
དོན་ཚན་ཉེར་གཅིག་པ། རིམ་ཁག་འཛུགས་སྐྲུན་དང་། ས་ཆ། འཆར་འགོད། གློག་ཁང་། གྲོང་ཁྱེར་འཛུགས་སྐྲུན། འཕྲིན་གཏོང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་མི་དམངས་མཁའ་ཟོན་གྱི་ལས་གྲྭའི་འཛུགས་སྐྲུན་ལ་ངེས་པར་དུ་དེ་མཚུངས་ཀྱི་འགན་སྲུང་བྱེད་དགོས།
དོན་ཚན་ཉེར་གཉིས་པ། མི་དམངས་མཁའ་ཟོན་ལས་གྲྭའི་ཇུས་འགོད་དེ་ངེས་པ་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ཚད་གཞི་དང་མཐུན་དགོས།
མི་དམངས་མཁའ་ཟོན་གྱི་ལས་གྲྭའི་ཉེན་ཟོན་སྒྲིག་ཆས་དེ་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྤུས་ཚད་ཀྱི་ཚད་གཞི་དང་མཐུན་དགོས། ཨར་སྐྲུན་བྱེད་པའི་ནང་ངེས་པར་དུ་ཉེན་ཟོན་སྒྲིག་ཆས་དུས་གཅིག་ཏུ་སྒྲིག་སྦྱོར་ཐུབ་པ་བྱེད་དགོས།
མི་དམངས་མཁའ་ཟོན་གྱི་ལས་གྲྭའི་སྤུས་ཚད་ལྟ་སྐུལ་ས་ཚུགས་ཀྱིས་མཁའ་ཟོན་གྱི་ས་འོག་ཁང་པའི་སྤུས་ཚད་ལ་ལྟ་སྐུལ་བྱེད་འགན་འཁུར་རྒྱུ། མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་མཁའ་ཟོན་གྱི་ས་འོག་ཁང་པར་ཞིབ་བཤེར་རྩིས་ལེན་བྱེད་འགན་འཁུར་རྒྱུ།
དོན་ཚན་ཉེར་གསུམ་པ། མི་དམངས་མཁའ་ཟོན་གྱི་ལས་གྲྭར་བདག་སྐྱོང་དོ་དམ་བྱ་རྒྱུའི་ཐད་གཅིག་གྱུར་དོ་དམ་དང་རིམ་དབྱེའི་འགན་འཁུར་རྒྱུ།
སྤྱི་སྤྱོད་ཀྱི་མི་དམངས་མཁའ་ཟོན་གྱི་ལས་གྲྭར་བདག་སྐྱོང་དོ་དམ་བྱ་རྒྱུ་དེ་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་འགན་འཁུར་རྒྱུ་དང་། འབྲེལ་ཡོད་ཚན་པས་བསྐྲུན་པའམ་ཡང་ན་བེད་སྤྱོད་བྱས་པའི་མི་དམངས་མཁའ་ཟོན་གྱི་ལས་གྲྭར་ཚན་པ་དེ་རང་གིས་བདག་སྐྱོང་དོ་དམ་བྱེད་འགན་འཁུར་རྒྱུ།
མི་དམངས་མཁའ་ཟོན་གྱི་ལས་གྲྭ་བདག་སྐྱོང་དོ་དམ་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དེ་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་འགན་འཁུར་རྒྱུ།
དོན་ཚན་ཉེར་བཞི་པ། མི་དམངས་མཁའ་ཟོན་གྱི་ལས་གྲྭ་བདག་སྐྱོང་བྱ་རྒྱུར་ངེས་པར་དུ་གཤམ་གསལ་གྱི་ཚད་གཞི་ལོན་དགོས་པ་སྟེ།
(གཅིག)ལས་གྲྭའི་གྲུབ་ཆ་འཐུས་ལེགས་དགོས་པ་དང་།
(གཉིས)ལས་གྲྭའི་ནང་ཁམས་དྭངས་ལ་གཙང་སྦྲ་དོད་པ་དང་། ཆུ་མི་འཛུལ་བ། མཁའ་རླུང་ཡག་པོ། འཐུང་ཆུའི་འཕྲོད་བསྟེན་གྱི་ཚད་གཞི་ལོན་པ་བཅས་དགོས་པ།
(གསུམ)ཉེན་ཟོན་ཐད་ཀྱི་བཀག་སྡོམ་སྒྲིག་ཆས་རྣམས་ནུས་པ་ལེགས་ཤིང་། རླུང་དང་། ཆུ། གློག་བཅས་སྐྱོན་མེད་བཀོལ་སྤྱོད་བདེ་པོ་དགོས་པ།
(བཞི)ལྕགས་རིགས་དང་ཤིང་བཟོས་ལྷུ་ལག་རིགས་ལ་བཙའ་མི་རྒྱག་པ་དང་རུལ་སྐྱོན་མེད་པ་དགོས་པ།
(ལྔ)འཛུལ་དོན་བྱེད་ལམ་བདེ་པོ་དགོས་པ་དང་། དོང་ཁའི་སྒྲིབ་གཡོག་གི་སྒྲིག་བཀོད་ཡག་པོ་དགོས་པ་བཅས་སོ།
དོན་ཚན་ཉེར་ལྔ་པ། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཚང་མས་ངེས་པར་དུ་གཤམ་གསལ་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་ཞུ་དགོས་པ་སྟེ།
(གཅིག)མི་དམངས་མཁའ་ཟོན་གྱི་ལས་གྲྭའི་བདེ་འཇགས་ལ་གནོད་ཉེན་ཡོད་པའི་ས་ཁོངས་སུ་རྡོ་གཤགས་པ་དང་། ས་ལེན་པ། འབར་གས་བྱེད་པ། རུལ་བཟོའི་དངོས་པོ་དང་ཟེར་འགྱེད་དངོས་རིགས་སྤུང་བ་སོགས་མི་དམངས་མཁའ་ཟོན་གྱི་ལས་གྲྭ་བེད་སྤྱོད་དམ་ཡང་ན་མི་དམངས་མཁའ་ཟོན་གྱི་ལས་གྲྭའི་སྤུས་རིམ་དམའ་རུ་གཏོང་བའི་ལས་སྒོ་གཉེར་མི་ཆོག་པ་དང་།
(གཉིས)མི་དམངས་མཁའ་ཟོན་གྱི་ལས་གྲྭའི་ཉེ་འཁོར་དུ་ཨར་སྐྲུན་དངོས་པོ་གཞན་དག་སྐྲུན་དགོས་ཚེ་ངེས་པར་དུ་ལོག་འགྱེལ་བྱུང་ན་མི་གནོད་པའི་བར་ཐག་ངེས་ཅན་འཇོག་དགོས་པ་མ་ཟད། མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་མོས་མཐུན་བྱས་རྗེས་གཞི་ནས་ཨར་སྐྲུན་བྱས་ཆོག་པ།
(གསུམ)མི་དམངས་མཁའ་ཟོན་གྱི་ལས་གྲྭའི་ནང་ཆུ་སྙིགས་དང་རླངས་རོ་གཏོང་བ་དང་། གད་སྙིགས་གཤོ་བ་བཅས་བྱེད་མི་ཆོག་པ།
(བཞི)མི་དམངས་མཁའ་ཟོན་གྱི་ལས་གྲྭ་དང་དེའི་ཞོར་གཏོགས་སྒྲིག་བཀོད་དང་སྒྲིག་ཆས་ལ་གཏོར་སྐྱོན་གཏོང་མི་ཆོག་པ་བཅས་སོ།
དོན་ཚན་ཉེར་དྲུག་པ། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་མི་དམངས་མཁའ་ཟོན་གྱི་ལས་གྲྭ་བེད་སྤྱོད་བྱེད་སྐབས་གཤམ་གསལ་གྱི་གཏན་འབེབས་ཇི་བཞིན་ལག་ལེན་བསྟར་རྒྱུ་སྟེ།
(གཅིག)རྣམ་ཀུན་མི་དམངས་མཁའ་ཟོན་གྱི་ལས་གྲྭ་བེད་སྤྱོད་བྱེད་དགོས་རིགས་ངེས་པར་དུ་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་ལ་ཆོག་མཆན་ཞུ་བའི་འགྲོ་ལུགས་གཉེར་ཞུ་བྱེད་དགོས་པ་མ་ཟད། ནམ་ཞིག་དམག་གྲབས་སུ་མཁོ་དགོས་བྱུང་ཚེ་དེ་འཕྲལ་དམག་འཁྲུག་སྐབས་ཀྱི་མཁའ་ཟོན་བྱེད་གཞིར་འགྱུར་ཐུབ་པའམ་ཡང་ན་གྲོང་ཁྱེར་བརྟན་སྲུང་གི་དམག་རྒྱག་རྒྱུར་སྤྱོད་ཐུབ་པ་བྱེད་དགོས་པ་དང་།
(གཉིས)ལས་གྲྭའི་བདག་སྐྱོང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་གྲྭའི་གྲུབ་ཆ་དང་ནང་གི་སྒྲིག་བཀོད་སྒྲིག་ཆས་ལ་སྐྱོན་ཆག་མི་ཡོང་བ་དང་། ལས་གྲྭའི་ཉེན་ཟོན་བྱེད་ནུས་ཞན་དུ་མི་འགྲོ་བ་བྱེད་དགོས་པ། (པར་ངོས་དྲུག་པར་གཟིགས)(པར་ངོས་ལྔ་པར་མཐུད)
(གསུམ)མེ་སྐྱོན་དང་ཞོད་སྐྱོན་འགོག་ཐུབ་པ་དང་། བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་པའི་གོ་ཆོད་བྱ་ཐབས་ཡོད་དགོས་པ་མ་ཟད། འབར་གས་སླ་བའི་རྫས་འགྱུར་དངོས་རྫས་འཇོག་མི་ཆོག་པ།
(བཞི)གཏན་འབེབས་ལྟར་བེད་སྤྱོད་འགྲོ་གྲོན་འཇལ་དགོས་པ་བཅས་སོ།
དོན་ཚན་ཉེར་བདུན་པ། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་རང་དགར་མི་དམངས་མཁའ་ཟོན་གྱི་ལས་གྲྭ་བཤིག་མི་ཆོག བཤིག་དགོས་ངེས་ཡིན་ཚེ་ངེས་པར་དུ་རྫོང་རིམ་ཡན་གྱི་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས་པ་མ་ཟད། བཤིག་མཁན་ཚན་པས་བསྐྱར་སྐྲུན་དང་སྐྱིན་གསབ་འཇལ་འགན་འཁུར་དགོས། རིམ་པ་དྲུག་པ་ཡན་གྱི(རིམ་པ་དྲུག་པ་ཚུད)མི་དམངས་མཁའ་ཟོན་གྱི་ལས་གྲྭ་བཤིག་ཚེ་ཉེན་ཟོན་རིམ་པ་དང་ཨར་སྐྲུན་གྱི་རྒྱ་ཁྱོན་དེ་རང་དང་མཚུངས་པ་ཞིག་བསྐྱར་སྐྲུན་བྱེད་དགོས། མི་དམངས་མཁའ་ཟོན་གྱི་ལས་གྲྭ་བཤིག་པ་དེའི་བསྐྱར་སྐྲུན་དུས་ཚད་ནི་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་བཤིག་ཆོག་པའི་ཆོག་མཆན་སྤྲད་ཉིན་ནས་བཟུང་ལོ་གཅིག་ནང་ཚུན་ཡིན། མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་ནས་བསྐྱར་སྐྲུན་བྱེད་ཐབས་མེད་ཚེ་བཤིག་མཁན་ཚན་པས་ངེས་པར་དུ་བསྐྱར་སྐྲུན་ལས་གྲྭའི་རྩིས་གཞིའི་གོང་ཚད་ལ་གཞིགས་ནས་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་ལ་བསྐྱར་སྐྲུན་ལ་མཁོ་བའི་གྲོན་དངུལ་འཇལ་ནས་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་གཅིག་གྱུར་ཐོག་འཛུགས་སྐྲུན་བྱེད་དགོས།
ལེའུ་བཞི་པ། འཕྲིན་གཏོང་དང་ཉེན་བརྡ།
དོན་ཚན་ཉེར་བརྒྱད་པ། རིམ་ཁག་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་མི་དམངས་མཁའ་ཟོན་གྱི་འཕྲིན་གཏོང་དང་ཉེན་བརྡའི་འཛུགས་སྐྲུན་འཆར་འགོད་བཟོ་རྒྱུའི་འགན་འཁུར་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱ་རྒྱུ། རིམ་ཁག་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་རང་ཁོངས་འཕྲིན་གཏོང་ས་ཚུགས་ལས་རེས་དོ་དམ་དང་ཆེད་ལས་ལག་རྩལ་སྦྱོང་བརྡར་སྤྲོས་རྒྱུ་དང་། འཕྲིན་གཏོང་དང་ཉེན་བརྡའི་སྒྲིག་ཆས་ལ་བདག་སྐྱོང་དོ་དམ་བྱ་རྒྱུ། དགོས་ངེས་ཀྱི་འགྲོ་གྲོན་དང་དངོས་ཟོག་ཡོ་ཆས་རེ་ཞུ་དང་གྲབས་གསོག་མཁོ་སྤྲོད་བྱ་རྒྱུ་བཅས་ཀྱི་སྒྲིག་འཛུགས་བྱ་རྒྱུ། མི་དམངས་མཁའ་ཟོན་གྱི་འཕྲིན་གཏོང་དང་ཉེན་བརྡའི་དྲ་བར་མཁོ་བའི་མཐུད་ཁ་དང་། གློག་ལམ། འགུལ་ཚད། སྦྲག་ཏར། སྐུད་མེད་གློག་ལས་དོ་དམ་སོགས་སྡེ་ཚན་གྱི་རྣམ་ཀུན་ལས་ཀ་ངེས་པར་དུ་འགན་སྲུང་ཐུབ་པ་བྱེད་དགོས་པ་དང་དམག་འཁྲུག་སྐབས་རིན་དོད་མེད་པར་སྤྱོད་དུ་འཇུག་དགོས། དམག་དཔུང་འཕྲིན་གཏོང་སྡེ་ཚན་གྱིས་ངེས་པར་དུ་མི་དམངས་མཁའ་ཟོན་གྱི་གཙོ་གནད་གྲོང་ཁྱེར་དང་རྫོང(ཆུད། གྲོང་ཁྱེར)གྱི་འཕྲིན་གཏོང་དང་ཉེན་བརྡའི་ལས་སྒོའི་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་དགོས་པ་དང་། འཕྲིན་གཏོང་གློག་ལམ་དང་འཕྲིན་ལམ་ལ་འགན་སྲུང་བྱེད་དགོས་པ། མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱི་གཏན་འབེབས་ལྟར་བཀོད་འདོམས་རང་འགུལ་ཅན་དུ་འཛུགས་སྐྲུན་དང་། སྐོར་གཡེང་། བདག་སྐྱོང་དོ་དམ་བཅས་བྱ་རྒྱུ་དང་ཆེད་ལས་མི་སྣར་སྦྱོང་བརྡར་སྤྲོས་རྒྱུར་གཞོགས་འདེགས་བྱེད་དགོས།
དོན་ཚན་ཉེར་དགུ་པ། མི་དམངས་མཁའ་ཟོན་གྱི་ཉེན་བརྡའི་སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་ཁྲོད་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་ཁོ་ཚོར་སྟབས་བདེ་ཡོང་བ་བྱེད་དགོས། མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་བཙུགས་པའི་ཉེན་བརྡའི་དྲ་ཚུགས་ལ་རང་གནས་སའི་ཚན་པས་བདག་སྐྱོང་དོ་དམ་བྱེད་དགོས། གྲོང་ཁྱེར་འཛུགས་སྐྲུན་གྱི་རྐྱེན་པས་འབྲེལ་ཡོད་ཚན་པའི་ནང་བཙུགས་པའི་མི་དམངས་མཁའ་ཟོན་གྱི་ཉེན་བརྡའི་སྒྲིག་ཆས་རིགས་གནས་སྤོ་བྱེད་དགོས་ཚེ་ངེས་པར་དུ་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།
དོན་ཚན་སུམ་ཅུ་པ། མི་དམངས་མཁའ་ཟོན་གྱི་གཙོ་གནད་གྲོང་ཁྱེར་དང་རྫོང(ཆུད། གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ངེས་པར་དུ་དུས་བཀག་ཐོག་མཁའ་ཟོན་ཉེན་བརྡའི་སྐད་ཚོད་ལྟ་བྱེད་དུ་འཇུག་དགོས་ཤིང་། འཕྲིན་གཏོང་དང་། རླུང་འཕྲིན། བརྙན་འཕྲིན་བཅས་སྡེ་ཚན་གྱིས་ཉེན་བརྡའི་སྐད་ཚོད་ལྟ་མ་བྱས་པའི་ཉིན་ལྔའི་གོང་ནས་དེ་སྐོར་སྤྱི་བསྒྲགས་སྤེལ་དགོས། དམག་འཁྲུག་སྐབས་ངེས་པར་དུ་མཁའ་ཟོན་ཉེན་བརྡའི་བརྡ་འཕྲིན་དམིགས་བསལ་གྱིས་སྔོན་དུ་གཏོང་དགོས།
དོན་ཚན་སོ་གཅིག་པ། མི་དམངས་མཁའ་ཟོན་གྱི་འཕྲིན་གཏོང་དང་། ཉེན་བརྡའི་སྒྲིག་ཆས་རིགས་རྣམ་ཀུན་སྐབས་ངེས་པར་དུ་ཉེན་སེལ་གེགས་སྐྱོབ་བྱ་རྒྱུའི་ཐད་ཞབས་འདེགས་ཞུ་དགོས། བདེ་འཇགས་དང་གསང་སྲུང་ཐུབ་པའི་གནས་ཚུལ་འོག་སྤྱི་ཚོགས་ལ་རིན་ཡོད་ཞབས་ཞུ་སྒྲུབ་ཆོག
ལེའུ་ལྔ་པ། ཁ་འགྲེམས་སྟངས།
དོན་ཚན་སོ་གཉིས་པ། རྫོང་རིམ་ཡན་གྱི་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་མི་དམངས་མཁའ་ཟོན་གྱི་ཁ་འགྲེམས་པའི་འགན་འཁུར་རྒྱུའི་ལས་འགན་གཙོ་བོ་ནི།
(གཅིག)མི་དམངས་མཁའ་ཟོན་གྱི་ཁ་འགྲེམས་སྟངས་ཀྱི་འཆར་གཞི་བཟོ་རྒྱུ་དང་ལག་བསྟར་བྱ་རྒྱུ་དང་།
(གཉིས)དམག་འཁྲུག་སྐབས་མཁའ་ཟོན་ཐད་ཀྱི་ཁ་འགྲེམས་སྟངས་ཀྱི་སྐུལ་སློང་བྱ་རྒྱུ་དང་། དྲིལ་བསྒྲགས་དང་སློབ་གསོ་སྤེལ་རྒྱུ།
(གསུམ)འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་མི་དམངས་མཁའ་ཟོན་ཐད་ཀྱི་ཁ་འགྲེམས་སྟངས་ཀྱི་འགན་སྲུང་ལས་དོན་ཁག་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་དང་ཞིབ་བཤེར་བྱ་རྒྱུ།
(བཞི)མི་དམངས་མཁའ་ཟོན་ཐད་ཀྱི་ཁ་འགྲེམས་རྒྱུར་སྒྲིག་འཛུགས་དང་བཀོད་འདོམས་བྱ་རྒྱུ་བཅས་སོ།
དོན་ཚན་སོ་གསུམ་པ། མི་དམངས་མཁའ་ཟོན་གྱི་ཁ་འགྲེམས་སྟངས་དེ་ངེས་པར་དུ་རྒྱལ་ཁབ་ཀྱིས་འགྲེམས་བསྒྲགས་བྱས་པའི་བཀའ་རྒྱ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་ལ་གཞིགས་ནས་དམག་འཁྲུག་སྐབས་མི་དམངས་མཁའ་ཟོན་གྱི་ཁ་འགྲེམས་བཀོད་འདོམས་ལས་ཁུངས་ཀྱིས་ལག་བསྟར་སྒྲིག་འཛུགས་བྱེད་དགོས། མི་དམངས་མཁའ་ཟོན་གྱི་ཁ་འགྲེམས་སྟངས་དེ་དུས་སྐབས་སོ་སོར་གཞིགས་ནས་ཐོག་མའི་ཁ་འགྲེམས་སྟངས་དང་། དམག་འཁྲུག་ལངས་ཉེའི་སྐབས་ཀྱི་ཁ་འགྲེམས་སྟངས། ཛ་དྲག་ཆེ་བའི་ཁ་འགྲེམས་སྟངས་བཅས་སུ་དབྱེ་དགོས།
དོན་ཚན་སོ་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་རྣམ་ཀུན་ནས་ངེས་པར་དུ་སྔོན་བཀོད་བྱས་པའི་ཁ་འགྲེམས་ས་ཁུལ་གྱི་འཛུགས་སྐྲུན་དང་མི་སྣ་བཀོད་སྒྲིག་གི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་སྔོན་བཀོད་ཁ་འགྲེམས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་དགོས་པ་དང་། གྲོང་ཁྱེར་གྱི་མི་འབོར་རྩིས་ལེན་ཐུབ་པའི་སྡོད་གནས་དང་། ཐོན་སྐྱེད། འཚོ་བ་བཅས་ཀྱི་ཆ་རྐྱེན་སྐྲུན་དགོས་པ། འཆར་གཞི་ཡོད་པའི་སྒོ་ནས་དམག་འཁྲུག་སྐབས་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དངོས་ཟོག་གསོག་འདྲེན་བྱེད་པའི་སྐྱེལ་འདྲེན་འགྲོ་ལམ་དང་གསོག་འདྲེན་མཛོད་ཁང་སོགས་འཛུགས་སྐྲུན་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།
ལེའུ་དྲུག་པ། མང་ཚོགས་ཀྱི་མཁའ་ཟོན་རྩ་འཛུགས།
དོན་ཚན་སོ་ལྔ་པ། མང་ཚོགས་ཀྱི་མཁའ་ཟོན་རྩ་འཛུགས་དེ་ཞི་དྲག་ཟུང་འབྲེལ་དང་། ཆེད་ལས་རིགས་མཐུན། འགོ་ཁྲིད་དང་བཀོད་འདོམས་བྱེད་བདེ་ཡོང་བ་བཅས་བྱེད་པའི་རྩ་དོན་ལ་གཞིགས་ནས་འཛུགས་དགོས། རྣམ་ཀུན་སྐབས་སུ་གཙོ་འགན་སྡེ་ཚན་ཁག་གིས་སྒྲིག་འཛུགས་དང་། སྦྱོང་བརྡར། དོ་དམ་བཅས་བྱ་རྒྱུ་དང་། དམག་འཁྲུག་སྐབས་སུ་མི་དམངས་མཁའ་ཟོན་བཀོད་འདོམས་ལས་ཁུངས་ཀྱི་གཅིག་གྱུར་བཀོད་འདོམས་དང་ལེན་བྱེད་དགོས།
དོན་ཚན་སོ་དྲུག་པ། མང་ཚོགས་ཀྱི་མཁའ་ཟོན་རྩ་འཛུགས་ཀྱིས་དམག་འཁྲུག་སྐབས་ཉེན་འགོག་མྱུར་བཟོ་དང་། སྨན་བཅོས་སྲོག་སྐྱོབ། མེ་ཟོན་མེ་གསོད། རིམས་འགོག་འབུ་འཕྲ་གསོད་ཐབས། དུག་སེལ་དང་འགོས་ནད་སེལ་ཐབས། འཕྲིན་གཏོང་འབྲེལ་གཏུག་འགན་སྲུང་། མི་སྣ་མྱུར་སྐྱོབ་དང་དངོས་ཟོག་མྱུར་སྐྱེལ། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་སོགས་བྱ་རྒྱུའི་ལས་འགན་འཁུར་དགོས་པ་དང་། རྣམ་ཀུན་སྐབས་ངེས་པར་དུ་ཆུ་ལོག་སྔོན་འགོག་དང་ས་ཡོམ་སྔོན་འགོག་སོགས་བྱེད་མཁན་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཉེན་འགོག་གེགས་སེལ་གྱི་ལས་འགན་འཁུར་དགོས།
དོན་ཚན་སོ་བདུན་པ། མང་ཚོགས་ཀྱི་མཁའ་ཟོན་རྩ་འཛུགས་ལ་མཁོ་བའི་སྒྲིག་ཆས་དང་། ཡོ་བྱད། འགྲོ་གྲོན་བཅས་འཛུགས་མཁན་ཚན་པ་ཁག་གིས་མཁོ་འདོན་བྱེད་དགོས། དམིགས་བསལ་རང་བཞིན་གྱི་ཆེད་སྤྱོད་སྒྲིག་ཆས་དང་ཡོ་བྱད་རྣམས་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་མཁོ་འདོན་བྱེད་དགོས།
དོན་ཚན་སོ་བརྒྱད་པ། རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་མང་ཚོགས་ཀྱི་མཁའ་ཟོན་རྩ་འཛུགས་ལ་སྦྱོང་བརྡར་སྤྲོས་རྒྱུའི་འཆར་གཞི་བཟོ་དགོས་པ་དང་། འཛུགས་མཁན་སྡེ་ཚན་ཁག་གིས་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱེད་འགན་འཁུར་དགོས་པ་མ་ཟད། མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱི་ཞིབ་བཤེར་མཛུབ་ཁྲིད་དང་ལེན་ཞུ་དགོས།
ལེའུ་བདུན་པ། མི་དམངས་མཁའ་ཟོན་གྱི་སློབ་གསོ།
དོན་ཚན་སོ་དགུ་པ། མི་དམངས་མཁའ་ཟོན་ཐད་ཀྱི་ཁྲིམས་སྲོལ་སློབ་གསོ་དང་མི་དམངས་མཁའ་ཟོན་ཐད་ཀྱི་དྲིལ་བསྒྲགས་བྱ་རྒྱུ་དེ་ངེས་པར་དུ་རྒྱལ་སྲུང་སློབ་གསོ་དང་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་འགོད་ནང་འཇུག་དགོས།
དོན་ཚན་བཞི་བཅུ་པ། རང་སྐྱོང་ལྗོངས་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་སློབ་གསོའི་འཆར་གཞི་དང་ནང་དོན་གཞིར་བཟུང་གཅིག་གྱུར་གྱི་སློབ་གཞི་བཟོས་ཏེ་མཁའ་ཟོན་སློབ་གསོའི་འཆར་གཞི་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།
དོན་ཚན་ཞེ་གཅིག་པ། རིམ་ཁག་སློབ་གསོ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་མི་དམངས་མཁའ་ཟོན་གྱི་སློབ་གསོ་དེ་སློབ་གྲྭའི་སློབ་གསོའི་འཆར་གཞིའི་ནང་འཇུག་དགོས་པ་དང་དེར་མཁོ་བའི་འགྲོ་གྲོན་རྣམས་སློབ་གསོའི་གྲོན་དངུལ་གྱི་སྔོན་རྩིས་ནང་འཇུག་དགོས། སློབ་གསོའི་གཙོ་འགན་སྡེ་ཚན་དང་རིམ་པ་གཅིག་མཚུངས་ཀྱི་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་ཐུན་མོང་ཐོག་སློབ་གྲྭར་ཡོད་པའི་སློབ་མར་མི་དམངས་མཁའ་ཟོན་གྱི་ཤེས་བྱའི་སློབ་གསོ་སྤེལ་དགོས་པ་མ་ཟད། དེའི་ཐད་ལྟ་སྐུལ་ཞིབ་བཤེར་ཡང་བྱེད་དགོས།
དོན་ཚན་ཞེ་གཉིས་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱི་མི་སྣར་མི་དམངས་མཁའ་ཟོན་ཐད་ཀྱི་ཤེས་བྱའི་སློབ་གསོ་སྤེལ་རྒྱུ་དེ་རང་གནས་སའི་ཚན་པ་སོ་སོས་སྒྲིག་འཛུགས་ལག་བསྟར་བྱེད་དགོས་པ་མ་ཟད། ཚན་པའི་ལས་བཟོར་སློབ་གསོ་གཏོང་བའི་འཆར་གཞིའི་ནང་འཇུག་དགོས།
དོན་ཚན་ཞེ་གསུམ་པ། གྲོང་ཁྱེར་གྱི་གྲོང་མི་དང་ཞིང་འབྲོག་མང་ཚོགས་ལ་མི་དམངས་མཁའ་ཟོན་གྱི་སློབ་གསོ་སྤེལ་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་ལག་བསྟར་བྱེད་དགོས།
དོན་ཚན་ཞེ་བཞི་པ། གསར་འགྱུར་དང་། དཔེ་སྐྲུན། རླུང་འཕྲིན། གློག་བརྙན། བརྙན་འཕྲིན། རིག་གནས་སོགས་སྡེ་ཚན་གྱིས་ངེས་པར་དུ་མི་དམངས་མཁའ་ཟོན་ཐད་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་འོས་འགན་སྒྲུབ་དགོས།
ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ཞེ་ལྔ་པ། བྱ་ཐབས་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་དོ་བདག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། དུས་བཀག་ནང་བསྐྲུན་དུ་འཇུག་རྒྱུ་དང་སྦྲགས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་ཆོག
དོན་ཚན་ཞེ་དྲུག་པ། གཤམ་གསལ་གྱི་བྱེད་སྤྱོད་གང་རུང་ཡོད་ཚེ་རྫོང་རིམ་ཡན་གྱི་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་དོ་བདག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་སྦྲགས་མི་སྒེར་ལ་སྒོར་ལྔ་བརྒྱ་ཡན་ནས་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཚན་པར་སྒོར་ཁྲི་གཅིག་ཡན་ནས་ཁྲི་ལྔ་མན་གྱི་དངུལ་ཆད་འགེལ་རྒྱུ། གྱོང་གུན་བཟོས་ཚེ་ངེས་པར་དུ་ཁྲིམས་ལྟར་གྱོང་གུན་སྐྱིན་ཚབ་འཇལ་དུ་འཇུག་རྒྱུ་སྟེ།
(གཅིག)མི་དམངས་མཁའ་ཟོན་གྱི་ལས་གྲྭ་བཙན་བཟུང་བྱས་པའི་རིགས་དང་།
(གཉིས)རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཉེན་ཟོན་ཚད་གཞི་དང་སྤུས་ཚད་ཚད་གཞི་བཞིན་མི་དམངས་མཁའ་ཟོན་གྱི་ལས་གྲྭ་མ་བསྐྲུན་པའི་རིགས།
(གསུམ)རང་འཚམ་གྱིས་མི་དམངས་མཁའ་ཟོན་གྱི་ལས་གྲྭའི་གྲུབ་ཆ་གཙོ་བོར་འགྱུར་ལྡོག་བཏང་བའི་རིགས།
(བཞི)མི་དམངས་མཁའ་ཟོན་གྱི་ལས་གྲྭ་བཤིག་ནས་བསྐྱར་སྐྲུན་མ་བྱས་པའི་རིགས།
(ལྔ)མི་དམངས་མཁའ་ཟོན་གྱི་འཕྲིན་གཏོང་ཆེད་སྤྱོད་འགུལ་ཚད་བཟུང་སྤྱོད་དང་མཁའ་ཟོན་ཉེན་བརྡ་དང་མཚུངས་པའི་སྒྲ་ནུས་བརྡ་རྟགས་བེད་སྤྱད་པའམ་ཡང་ན་རང་འཚམ་གྱིས་མི་དམངས་མཁའ་ཟོན་གྱི་འཕྲིན་གཏོང་དང་ཉེན་བརྡའི་སྒྲིག་ཆས་དང་སྒྲིག་བཀོད་བཤིག་པའི་རིགས།
(དྲུག)མི་དམངས་མཁའ་ཟོན་གྱི་འཕྲིན་གཏོང་དང་ཉེན་བརྡའི་སྒྲིག་བཀོད་སྒྲིག་སྦྱོར་བྱ་རྒྱུར་འགོག་རྐྱེན་བཟོས་པ་དང་། མཁའ་རྒོལ་འགོག་ཟོན་ཉེན་བརྡའི་སྒྲ་ནུས་ཁྱབ་ཚད་ལ་ཤུགས་རྐྱེན་བཟོས་པའི་རིགས།
(བདུན)མི་དམངས་མཁའ་ཟོན་གྱི་ལས་གྲྭའི་ནང་དུ་ཆུ་སྙིགས་དང་རླངས་རོ་བཏང་བའམ་ཡང་ན་གད་སྙིགས་བཤོས་པའི་རིགས།
(བརྒྱད)དེ་མིན་མི་དམངས་མཁའ་ཟོན་གྱི་ལས་གྲྭའི་བདེ་འཇགས་དང་བྱེད་ནུས་ལ་གནོད་སྐྱོན་བཏང་བའི་རིགས་བཅས་སོ།
དོན་ཚན་ཞེ་བདུན་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་མི་དམངས་མཁའ་ཟོན་གྱི་སྒྲིག་ཆས་སྒྲིག་བཀོད་རྐང་བཙུགས་ནས་གཏོར་སྐྱོན་བཏང་བའམ་ཡང་ན་མི་དམངས་མཁའ་ཟོན་ལས་གྲྭའི་ནང་དུ་འབར་གས་ཡོང་ཉེན་ཡོད་པ་དང་། དུག་ཤེད་ཆེ་བ། མེ་འབར་སླ་བ། ཟེར་འགྱེད་དངོས་པོ་སོགས་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་ཉར་འཇོག་བྱས་མོད། ཡིན་ཡང་ཉེས་གསོག་གི་ཚད་ལ་མ་སླེབས་པར 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག 》 གི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།
དོན་ཚན་ཞེ་བརྒྱད་པ། མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱི་ལས་བྱས་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་། དབང་ཆ་གང་བྱུང་དུ་སྤྱོད་པ། ཉེ་དགའ་ཕྱོགས་ཞེན་བྱེད་པའམ་ཡང་ན་ཁྲིམས་འགལ་དང་འགན་འཛོལ་བྱེད་སྤྱོད་གཞན་དག་ཡོད་ཅིང་། ཉེས་གསོག་གི་ཚད་ལ་སླེབས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་། ཉེས་གསོག་གི་ཚད་ལ་མ་སླེབས་པར་ངེས་པར་དུ་སྲིད་འཛིན་གྱི་ཆད་པ་གཅོད་དགོས།
ལེའུ་དགུ་པ། ཞར་བྱུང་།
དོན་ཚན་ཞེ་དགུ་པ། བྱ་ཐབས་འདིའི་ནང་འཁོད་ཀྱི་གལ་ཆེའི་དཔལ་འབྱོར་དམིགས་ཚད་ཅེས་པའི་ཁོངས་སུ་གལ་ཆེའི་བཟོ་གཏེར་ཁེ་ལས་དང་། ཚན་ཞིབ། ཚོད་ལྟའི་རྟེན་གཞི། གནམ་ཐང་། འཕྲིན་གཏོང་ལྟེ་གནས་དང་བཀོད་འདོམས་འཕྲིན་གཏོང་ལྟེ་གནས། ཟམ་པ་ཆེ་གྲས། སྣུམ་མཛོད། ཆུ་མཛོད། མཛོད་ཁང་། གློག་ཁང་སོགས་ཚུད་ཡོད། བྱ་ཐབས་འདིའི་ནང་འཁོད་ཀྱི་དམངས་སྤྱོད་ཨར་སྐྲུན་ཞེས་པ་ནི་སྡོད་ཁང་དང་། འགྲུལ་ཁང་། སྣེ་ལེན་ཁང་། ཚོང་ཁང་། སློབ་གྲྭ་ཆེ་ཁག་གི་སློབ་ཁྲིད་ཁང་ཆེན། དེ་བཞིན་གཞུང་ལས་དང་། ཚན་ཞིབ། སྨན་བཅོས་སོགས་ཀྱི་ཐད་སྤྱོད་པའི་ཁང་པའི་རིགས་ལ་ཟེར།
དོན་ཚན་ལྔ་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བྱ་ཐབས་འདིར་གཞིགས་ནས་དེ་འབྲེལ་གྱི་གཏན་འབེབས་བཟོས་ན་འགྲིག
དོན་ཚན་ང་གཅིག་པ། བྱ་ཐབས་འདི་རང་སྐྱོང་ལྗོངས་མི་དམངས་མཁའ་ཟོན་གཙོ་འགན་སྡེ་ཚན་གྱིས་འགྲེལ་བཤད་རྒྱག་འགན་འཁུར་རྒྱུ།
དོན་ཚན་ང་གཉིས་པ། བྱ་ཐབས་འདི་འགྲེམས་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
འབྲེལ་ཡོད་གསར་འགྱུར།