ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
● ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས།
ཟླ་12ཚེས་1དང་ཚེས་2ཉིན། རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུ་མ་འཚོག་གོང་། ཚང་མས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་གཞིགས་ནས་རང་སྦྱོང་ནན་ཏན་བྱས་ཤིང་། ཚོགས་འདུའི་ཐོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོ་ཁྲིམས་གཞི་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཞུས་ཞན་མིང་གིས“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་བྱས་ཏེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར”གཞིགས་ནས་ཟུར་ཁྲིད་སྙན་ཞུ་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་ནང་དོན་གལ་ཆེན་ལ་བརྩི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དམ་ཟབ། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ། སློབ་སྦྱོང་ལག་བསྟར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ཉིད་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ལ་ཏན་ཏིག་འགྱུར་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱུན་བསྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བརྟེན་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་རྩ་ཁྲིམས་དེ་ཉིད་རྩ་བའི་བྱེད་སྒོའི་ཚད་གཞིར་བརྩི་བ་དང་། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ལ་འགན་ལེན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྩ་ཁྲིམས་ཀྱི་ཟིལ་ཤུགས་དང་དབང་གྲགས་ལ་སྲུང་སྐྱོང་བརྟན་པོ་བྱེད་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་མཐའ་འཁྱོངས་བྱས་ཏེ། ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་ལ་བརྟེན་པ། ཕྱོགས་ཁག་ཚང་མ་ཞུགས་པ་བཅས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་དང་ལས་ཆོད་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས་ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱོང་མཁས་ཐུབ་པར་འགན་ལེན་བྱེད་དགོས། ཁྲིམས་བཞིན་དོན་དག་སྒྲུབ་པ་མཐའ་འཁྱོངས་བྱས་ནས། ནུས་ཆེའི་ཁྲིམས་སྐྱོང་ལག་བསྟར་མ་ལག་འཛུགས་པ་དང་། ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་། དམངས་གཙོའི་སྒོ་ནས་ཐབས་ཇུས་འགོད་པ། ཁྲིམས་ལྟར་ཐབས་ཇུས་འགོད་པ། སྲིད་འཛིན་ཁྲིམས་སྒྱུར་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། དྲང་གཞག་ཡ་རབས་ཀྱི་ཁྲིམས་སྒྱུར་ཚད་ལྡན་ནན་པོ་ཡོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ལམ་ལུགས་རེ་རེ་དང་། ཁྲིམས་སྒྱུར་གཏན་འབེབས་རེ་རེ། ཁྲིམས་འཛིན་གྱོད་གཞི་རེ་རེ་བཅས་ཀྱི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་ཐུབ་པ་ཧུར་ཐག་བྱེད་དགོས། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་དང་དམངས་ཡོངས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་དང་གོ་ཐུབ་པའི་སྐད་ཆར་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ནས། རང་རྟོགས་ངང་ཁྲིམས་སྲུང་བ་དང་། ཁྲིམས་ལྟར་དོན་དག་སྒྲུབ་པ། དོན་དག་འཕྲད་སྐབས་བཅའ་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་ལ་བརྟེན་པ། འགལ་བ་སེལ་སྐབས་བཅའ་ཁྲིམས་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་བརྟན་དུ་རྒྱུན་མཐུད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཁྲིམས་ལྟར་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དེ་མཐའ་མཚམས་བཅོས་སྐྱོང་གི་མཐའ་ཚད་ཀྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དེ་ལས་ཀའི་ལས་འགན་ཨང་དང་པོར་བརྩི་བ། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་ནས་དོགས་ཟོན་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་རྒྱུ་ཁྲིམས་སྐྱོང་ཅན་དང་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འགན་ལེན་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེ་མཐའ་མཚམས་བཅོས་སྐྱོང་གི་འཐབ་ཇུས་དམིགས་ཚད་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱེད་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི་བསྡོམས་རྩིས་བཅའ་ཁྲིམས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་ལྟར་བསྡོམས་རྩིས་དང་ཁྲིམས་ལྟར་བསྡོམས་རྩིས་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས། བོད་ཀྱི་བསྡོམས་རྩིས་ལས་དོན་ཁྲིམས་སྐྱོང་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་ལས་ཀའི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་དང་བརྟན་དུ་གཏོང་བ་དང་། མི་རིགས་ཆོས་ལུགས་ལས་དོན་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཁྲིད་སྟོན་བཅས་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གི་འགོ་ཁྲིད་ཁྲིམས་ལྟར་བོད་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་སར་ཁྱབ་པར་བྱས་ཏེ། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་སྒྱུར་ལ་འགན་ལེན། ཁྲིམས་འཛིན་ལ་རྒྱབ་སྐྱོར། སྣེ་ཁྲིད་དེ་ཁྲིམས་སྲུང་བ་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མུ་མཐུད་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བཀུར་ཁྲིམས་སྲུང་དང་རང་རྟོགས་ངང་བཅའ་ཁྲིམས་སྦྱོང་བ་དང་བཤད་ནས་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་གཏོང་བ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་བརྟན་ལྷིང་ལ་སྲུང་སྐྱོང་དང་། འཕེལ་རྒྱས་ལ་སྐུལ་འདེད། སྒྱུར་བཅོས་ཟབ་གཏོང་། ཉེན་ཁར་ཁ་གཏད་གཅོག་པ་བཅས་ཀྱི་ནུས་པ་ཆེ་རུ་ཟམ་མི་ཆད་པར་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།