ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་10པ་གཙོ་སྐྱོང་གནང་བ།
ཟླ་12ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་10པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། ལས་དོན་བཀོད་སྒྲིག་དོན་འཁྱོལ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་ལམ་གསར་པར་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན་པ་དང་། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོས་ང་ཚོར་རྒྱང་ལམ་གསར་པ་གཏོད་པ་དང་། དམིགས་ཚད་གསར་པའི་ཕྱོགས་སུ་སྐྱོད་པ། ལེའུ་གསར་པ་མུ་མཐུད་རྩོམ་པ་བཅས་ཀྱི་ཐད་བསམ་བློའི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་སྐོར་གྱི་ཏང་ཀྲུང་དབྱང་གི་གཞི་རྩའི་བརྡར་གཅོད་ལ་གོ་བ་གཏིང་ཟབ་ལེན་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་རྩ་དོན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་བྱ་ཐབས་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པའི་ཧ་ཅང་གལ་ཆེའི་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ནས་ཏང་གི་འགོ་ཁྲིད་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཏན་ཏིག་ཁྱབ་པར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཚུགས་གནས་མཐོ་རུ་གཏོང་བ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། རྒྱུན་སྲིང་ལྷོད་མེད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། ཏང་ལ་བློ་གཅིག་སེམས་གཅིག་དང་ཤེས་སྦྱོར་གཅིག་མཐུན་ཡོང་བ་བཅས་བྱས་ཏེ་ཏན་ཏན་ཏིག་ཏིག་ངང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་ཁག་གི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། ཟབ་སྦྱོང་མཐིལ་རྟོགས་དང་སེམས་ལ་གཏིང་ཟབ་ཟུག་པར་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་དགོས། དམིགས་ཚད་ཁ་གསལ་བཟོ་བ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་རང་འགུལ་ངང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིག་དང་། ཇུས་འགོད། སྐུལ་གཏོང་བཅས་བྱེད་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་དུ་བཞག་ནས་ངེས་གནས་འཚོལ་བ་དང་། ཤུགས་རྒྱག་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ལས་ཀའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་སྒྲིག་བཅས་ལ་མཉམ་དུ་དམ་འཛིན་བྱེད་པ་དང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཕན་ཚུན་འབྲེལ་མཐུད་མཐའ་འཁྱོངས་བྱེད་པ། སྙིང་རུས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་དང་ཕུགས་ཕན་ལ་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།