《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རིའི་བདེ་འཇགས་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
(1994ལོའི་ཟླ་12ཚེས་23ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་བ། 1997ལོའི་ཟླ་11ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག 《〈《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རིའི་བདེ་འཇགས་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས〉ལ་བཟོ་བཅོས་རྒྱག་རྒྱུའི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས། 2025ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་11ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉མེད་པ་བཟོ་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། གཏེར་རི་འཛུགས་སྐྲུན་གྱི་བདེ་འཇགས་འགན་སྲུང་།
ལེའུ་གསུམ་པ། གཏེར་རི་སྔོག་སྐབས་ཀྱི་བདེ་འཇགས་འགན་སྲུང་།
ལེའུ་བཞི་པ། གཏེར་རིའི་ཁེ་ལས་ཀྱི་བདེ་འཇགས་དོ་དམ།
ལེའུ་ལྔ་པ། གཏེར་རིའི་བདེ་འཇགས་ལ་ལྟ་སྐུལ་དང་དོ་དམ།
ལེའུ་དྲུག་པ། གཏེར་རིའི་ལས་འཛོལ་ཐག་གཅོད།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བརྒྱད་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། གཏེར་རིའི་ཐོན་སྐྱེད་བདེ་འཇགས་ལྡན་པའི་ངང་བྱེད་ཐུབ་པའི་འགན་སྲུང་དང་། གཏེར་རིའི་ལས་འཛོལ་སྔོན་འགོག གཏེར་རིའི་ལས་བཟོའི་ལུས་ཁམས་བདེ་འཇགས་ལ་གནོད་སྐྱོན་མི་ཡོང་བ། རང་ལྗོངས་ཀྱི་གཏེར་འདོན་ལས་རིགས་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རིའི་བདེ་འཇགས་བཅའ་ཁྲིམས》 དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རིའི་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》 (གཤམ་དུ《གཏེར་རིའི་བདེ་འཇགས་བཅའ་ཁྲིམས》 དང《ལག་བསྟར་སྲོལ་ཡིག》 ཅེས་བསྡུ་རྒྱུ)གཞིར་བཟུང་རང་ལྗོངས་ཀྱི་གཏེར་རྫས་ཐོན་ཁུངས་སྔོག་འདོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་གཏེར་རྫས་ཐོན་ཁུངས་སྔོག་འདོན་གྱི་བྱ་བ་བྱེད་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་བྱ་ཐབས་འདིར་བརྩི་སྲུང་ཞུ་དགོས།
དོན་ཚན་གསུམ་པ། རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་སྲིད་འཛིན་དོ་དམ་གཙོ་འགན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་གཏེར་རིའི་བདེ་འཇགས་ལས་དོན་ལ་གཅིག་གྱུར་ལྟ་སྐུལ་བྱ་རྒྱུ།
ས་གནས(གྲོང་ཁྱེར)ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་རང་གི་སྲིད་འཛིན་ས་ཁོངས་ཀྱི་གཏེར་རིའི་བདེ་འཇགས་ལས་དོན་ལ་གཅིག་གྱུར་ལྟ་སྐུལ་བྱ་རྒྱུ།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་གཏེར་རིའི་ཁེ་ལས་དོ་དམ་གཙོ་འགན་སྡེ་ཚན་གྱིས་གཏེར་རིའི་བདེ་འཇགས་ལས་དོན་ལ་དོ་དམ་བྱ་རྒྱུ།
དོན་ཚན་བཞི་པ། གཏེར་རིའི་ཁེ་ལས་ཀྱིས་བདེ་འཇགས་ལྡན་པའི་ངང་ཐོན་སྐྱེད་བྱེད་པའི་འགན་འཁྲིའི་ལམ་ལུགས་ངེས་པར་དུ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་ལས་དེ་གའི་བདེ་འཇགས་ཀྱི་འགན་འཁུར་རྒྱུ།
དོན་ཚན་ལྔ་པ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ཚན་པའམ་ཡང་ན་ཁེ་ལས་དང་བྱ་གཞག་སྡེ་ཚན་གྱིས་གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་པའི་སྡེ་ཚན་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བྱ་དགའ་སྤྲོད་དགོས་པ་སྟེ།
(གཅིག)གཏེར་རིའི་བདེ་འཇགས་དོ་དམ་དང་ལྟ་སྐུལ་ལས་དོན་ནང་ལས་གནས་བརྟན་སྲུང་གིས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།
(གཉིས)གཏེར་རིར་ལས་འཛོལ་མི་ཡོང་བའི་སྔོན་འགོག་དང་ཉེན་སེལ་སྲུང་སྐྱོབ་བྱེད་པའི་ནང་བྱས་རྗེས་བཞག་ཡོད་པ།
(གསུམ)གཏེར་རིའི་བདེ་འཇགས་ལག་རྩལ་ཁྱབ་གདལ་དང་གཏེར་རིའི་བདེ་འཇགས་སྒྲིག་ཆས་ལེགས་བཅོས་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
(བཞི)གཏེར་རིའི་བདེ་འཇགས་ཐོན་སྐྱེད་ཐད་ལུགས་མཐུན་གྱི་གྲོས་འགོ་བཏོན་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ།
(ལྔ)གཏེར་རིའི་ངལ་རྩོལ་ཆ་རྐྱེན་ལེགས་བཅོས་སམ་ཡང་ན་གཏེར་རིར་ལས་འཛོལ་མི་ཡོང་བ་སྔོན་འགོག་བྱ་རྒྱུའི་ཐད་གསར་གཏོད་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཐོབ་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་ཡིན།
ལེའུ་གཉིས་པ། གཏེར་རི་འཛུགས་སྐྲུན་གྱི་བདེ་འཇགས་འགན་སྲུང་།
དོན་ཚན་དྲུག་པ། གཏེར་རི་གསར་སྐྲུན་དང་། བཟོ་བཅོས། རྒྱ་སྐྱེད་བཅས་ཀྱི་ལས་གྲྭ་ཚུགས་སྐབས་ཉེར་མཁོའི་བདེ་འཇགས་དང་འཕྲོད་བསྟེན་གྱི་སྒྲིག་ཆས་ནི་ངེས་པར་དུ་ལས་གྲྭ་ཨ་མ་དང་མཉམ་དུ་ཇུས་འགོད་དང་། བཟོ་སྐྲུན། ཐོན་སྐྱེད། བེད་སྤྱོད་བཅས་ཐུབ་པ་བྱ་རྒྱུ།
དོན་ཚན་བདུན་པ། གཏེར་རིའི་བདེ་འཇགས་འགན་སྲུང་བྱེད་ཕྱིར་ས་གཤིས་བརྟག་དཔྱད་ཀྱི་སྙན་ཞུའི་ནང་ངེས་པར་དུ་གཏེར་རིའི་ཇུས་འགོད་ལ་མཁོ་བའི་གཤམ་གསལ་གྱི་ལག་རྩལ་དཔྱད་གཞི་རྣམས་མཁོ་འདོན་བྱེད་དགོས་པ་སྟེ།
(གཅིག)ས་ཆའི་བང་རིམ་ཆད་མཚམས་དང་། གས་ཆག་ས་རྒྱུད། རི་ཐུར། འདམ་རྡོའི་ཆུ་རུད། ཤྭ་ལོག ས་ཡོམ་བཅས་ཀྱི་ངོ་བོ་དང་གཞི་ཁྱོན་ཅུང་ཆེ་བ་དང་།
(གཉིས)ཆུ་ཅན་བང་རིམ(ས་འོག་བྲུབ་ཁུང་ཚུད)དང་། ཆུ་ཐིགས་བང་རིམ་གྱི་བྲག་རྡོའི་ངོ་བོ་དང་བང་རིམ་དེའི་མཐུག་ཚད། ཆགས་སྟངས། ཆུ་ཅན་བང་རིམ་སོ་སོའི་དབར་དང་། ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུའི་དབར་གྱི་འབྲེལ་བ། ས་འོག་གི་ཆུའི་ཆུ་ཁ་མཐོ་དམན་དང་། ཆུ་དེའི་སྤུས་འབོར་དང་རྒྱུག་སའི་ཁ་ཕྱོགས། ས་ངོས་ཀྱི་ཆུ་རྒྱུན་སྒྲིག་ཆས། ས་གནས་དེ་གའི་ཆར་ཞོད་ཆེ་ཆུང་དང་ཆུ་ལོག་གི་ཆུ་ཁ་མཐོ་ཤོས་ཀྱི་ཚད།
(གསུམ)གཏེར་ཁུང་ཆུང་གྲས་དང་གཏེར་ཁུང་རྙིང་པ་གང་དང་གང་དུ་ཡོད་པ་དང་། དེ་དག་གི་གཏིང་ཚད་དང་ཆུ་འཁྱིལ་ཚུལ།
(བཞི)ཟེར་འགྱེད་རིགས་དང་ཝ་སི་སོགས་གནོད་ཅན་གྱི་རྒྱུ་མང་ཉུང་དང་ཁྱབ་ཆེ་ཆུང་།
(ལྔ)ས་དྲོད་རྒྱུན་གཏན་ལྟར་མིན་པ་དང་ཚ་ཆུ་ཡོད་པའི་གཏེར་ཁུལ་གྱི་བྲག་ཚ་པོ་ཆགས་ཚད། ས་དྲོད་ཀྱི་རིམ་པ། ཚ་ཆུའི་འབྱུང་རྩ། ཆུ་དྲོད། རྒྱུག་ཚུལ། ཆུ་གནོན། ཆུ་འབོར། དེ་བཞིན་ཚ་གནོད་ཕོག་སའི་གཞི་ཁྱོན་གཏན་འཁེལ།
(དྲུག)བཟོ་ལས་དང་འཚོ་བའི་ཐོག་ལ་སྤྱོད་བྱེད་ཀྱི་ཆུའི་འབྱུང་རྩ་དང་། ཆུ་འབོར། ཆུ་སྤུས།
(བདུན)ཁུང་བུ་འབིགས་པ་དང་ཁུང་བུ་བསུབ་པའི་གནས་ཚུལ།
(བརྒྱད)མཐའ་ངོས་གྱེན་ཐུར་ས་རྒྱུད་ཀྱི་ལས་གྲྭ་ཚུགས་སའི་ས་གཤིས་དང་ཆུ་དཔྱད་ས་གཤིས་ཀྱི་དཔྱད་གཞི།
(དགུ)གཏེར་རིའི་ཇུས་འགོད་ལ་མཁོ་བའི་དཔྱད་གཞི་གཞན་དག་བཅས་སོ།
དོན་ཚན་བརྒྱད་པ། ཇུས་འགོད་ཚན་པས་ཇུས་འགོད་བྱས་པའི་གཏེར་རི་འཛུགས་སྐྲུན་གྱི་ལས་གྲྭའི་ཁོངས་སུ་ངེས་པར་དུ་གཤམ་གསལ་བདེ་འཇགས་དང་འཕྲོད་བསྟེན་སྒྲིག་ཆས་ཀྱི་འཆར་གཞིའང་ཡོད་དགོས་པ་སྟེ།
(གཅིག)ཐོག་མའི་ཇུས་གཞི་འགོད་སྐབས“གཏེར་རིའི་བདེ་འཇགས་དང་འཕྲོད་བསྟེན་གྱི་ལེ་ཚན”འབྲི་རྒྱུ་དང་།
(གཉིས)གཏེར་རིའི་བདེ་འཇགས་ཇུས་འགོད་ཀྱི་རྣམ་གྲངས་དེ་གཏེར་རིའི་བདེ་འཇགས་ཀྱི་ལམ་སྲོལ་དང་ལས་རིགས་ཀྱི་ཚད་དང་མཐུན་པ་དགོས་རྒྱུ།
(གསུམ)གཏེར་ཁྲོན་གྱི་རླུང་འགྲོའི་སྒྲིག་ཆས་དང་། རླུང་ཚད། རླུང་སྤུས། རླུང་ཤུགས།
(བཞི)ཐང་གཤོང་གཏེར་རིའི་འཚོ་བའི་ཁུལ་ལ་འདམ་རྡོའི་ཆུ་རུད་དང་ཤྭ་ལོག་དང་ཐལ་རྡུལ་སོགས་ཀྱི་གནོད་སྐྱོན་ཉེན་ཁ་མི་ཕོག་པ།
(ལྔ)ཐང་གཤོང་གཏེར་རིའི་མཐའ་ངོས་གྱེན་ཐུར་འཁེལ་ས་དང་འཛེག་སྐས་ཀྱི་ཞེང་ཚད་དང་མཐོ་ཚད།
(དྲུག)བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་ལས་རིགས་ཀྱི་ལག་རྩལ་ཚད་གཞི་སོགས་འབྲེལ་ཡོད་གཏན་འབེབས་ནང་གཏན་འབེབས་བྱས་པའི་རྣམ་གྲངས་གཞན་དག་བཅས་ཡིན།
དོན་ཚན་དགུ་པ། གཏེར་རིར་བདེ་འཇགས་ལྡན་པའི་ངང་ཐོན་སྐྱེད་དང་། ལས་འཛོལ་དང་ལས་གནས་ཀྱི་གནོད་སྐྱོན་སྔོན་འགོག་འགན་ལེན་ཐུབ་པའི་བདེ་འཇགས་ཀྱི་སྒྲིག་ཆས་ཡོད་དགོས་པ་དང་སྦྲགས། གཤམ་གསལ་གྱི་གཞི་རྩའི་བླང་བྱ་ཁག་དང་མཐུན་དགོས་པ་སྟེ།
(གཅིག)གཏེར་ཁྲོན་རེར་ས་ངོས་ལ་ཤར་བགྲོད་ཐུབ་པའི་ལོགས་སུ་བདེ་འཇགས་ཀྱི་སྒོ་མོ་གཉིས་རེ་ཉུང་མཐར་ཡང་ཡོད་དགོས། གཏེར་ཁྲོན་གྱི་ཐོན་སྐྱེད་བྱེད་ས(དཀྱིལ་མཚམས)དང་གཏེར་ཁ་སྔོག་འདོན་བྱེད་ས་ཚང་མར་མི་སྐྱོད་ཐུབ་པའི་བདེ་འཇགས་ཀྱི་ལམ་གཉིས་རེ་ཉུང་མཐར་ཡོད་དགོས་པ་དང་ས་ངོས་ལ་ཐོན་སའི་སྒོ་དང་ཐད་ཀར་མཐུད་དགོས་པ་དང་།
(གཉིས)གཏེར་ཁྲོན་རེར་འཕྲུལ་ཆས་ཀྱི་རླུང་འགྲོའི་སྒྲིག་ཆས་ཡོད་པ་བྱས་ནས་གཏེར་ཁྲོན་དུ་རླུང་འགྲོ་འདང་ངེས་ཡོད་པ་བྱེད་དགོས།
(གསུམ)ཁྲོན་དོང་དུ་མི་འགྲོ་འོང་དང་། སྐྱེལ་འདྲེན། རླུང་འགྲོ། བདེ་འཇགས་ཡོ་བྱད་སྒྲིག་སྦྱོར་དང་ཉམས་བཟོ། དེ་བཞིན་ལས་གྲྭའི་དགོས་མཁོ་བཅས་སྐོང་ཐུབ་པ་བྱེད་དགོས།
(བཞི)ཁྲོན་དོང་གི་འདེགས་སྲུང་དང་གཏེར་ཁ་སྔོག་སའི་འགྱོགས་འདེགས་ལ་དོ་དམ་ཡག་པོ་བྱས་ནས་གཏེར་ཁ་སྔོག་འདོན་གྱི་བདེ་འཇགས་འགན་ལེན་བྱེད་དགོས།
(ལྔ)གཏེར་ཁྲོན་སོ་སོའི་བར་དང་། གཏེར་ཁྲོན་དང་ཐང་གཤོང་གཏེར་ཁ་སྔོག་སའི་བར། གཏེར་ཁྲོན་དང་གཏེར་དོང་རྙིང་པའི་བར་བཅས་ལ་བདེ་འཇགས་ཀྱི་བཅད་ཤིང་འདང་ངེས་འཇོག་དགོས། གཏེར་རིའི་ཁྲོན་དོང་བཀོད་སྒྲིག་བྱེད་སྐབས་གཏེར་ཁྲོན་སྟེང་འོག་ཏུ་བདེ་འཇགས་འགན་སྲུང་བྱེད་ཆེད་ཀྱི་གཏེར་འདེགས་དང་བྲག་འདེགས་འདང་ངེས་ཡོད་དགོས།
(དྲུག)ཐང་གཤོང་གཏེར་རིའི་དུམ་མཚམས་ཀྱི་མཐོ་ཚད་དང་། ལས་སྟེགས་ཀྱི་ཞེང་ཚད། མཐའ་ངོས་ཀྱི་གྱེན་ཐུར་འཁེལ་ས་བཅས་ལ་བདེ་འཇགས་ངང་ལས་སྒྲུབ་དང་མཐའ་ངོས་གྱེན་ཐུར་འཁེལ་ས་བརྟན་གནས་ཡོང་བ་བྱེད་དགོས།
(བདུན)ས་ངོས་དང་གཏེར་ཁྲོན་གྱི་ཆུ་འགོག་དང་ཆུ་གཤོང་གི་སྒྲིག་ཆས་ཡོད་དགོས་པ་དང་གཏེར་ཁྲོན་དང་ཐང་གཤོང་གཏེར་ཁ་སྔོག་འདོན་བྱེད་སར་ས་ངོས་ཀྱི་ཆུ་ལོག་འགོག་པའི་བྱ་ཐབས་ཡོད་དགོས།
(བརྒྱད)གཏེར་ཁྲོན་གྱི་འབྲེང་ཐག་གཏོང་སར་འགག་གནད་མེད་པ་བཟོ་བའི་བདེ་འཇགས་ཀྱི་བྱ་ཐབས་ཡོད་དགོས།
(དགུ)གཏེར་རིའི་ས་ངོས་གཏེར་ཁྲོན་གྱི་མེ་ཟོན་སྒྲིག་ཆས་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་མེ་ཟོན་སྔོན་འགོག་གི་གཏན་འབེབས་དང་མཐུན་དགོས།
(བཅུ)ས་ངོས་དང་གཏེར་ཁྲོན་ནང་གློག་མཁོ་སྒྲིག་བྱེད་པའི་སྒྲིག་ཆས་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།
(བཅུ་གཅིག)གཏེར་རིའི་ཡར་འདེགས་སྐྱེལ་འདྲེན་གྱི་སྒྲིག་ཆས་དང་། སྒྲིག་སྦྱོར། དེ་བཞིན་སྒྲིག་བཀོད་བཅས་འབྲེལ་ཡོད་ཚད་གཞིའི་གཏན་འབེབས་དང་མཐུན་དགོས།
(བཅུ་གཉིས)གཏེར་ཁྲོན་སོ་སོར་ཐལ་རྡུལ་འགོག་པ་དང་ཆུ་མཁོ་འདོན་བྱེད་པའི་སྒྲིག་ཆས་ཡོད་དགོས། ས་ངོས་དང་གཏེར་ཁྲོན་གྱི་ཐལ་རྡུལ་ཡོད་པའི་ལས་སྒྲུབ་བྱེད་ས་ཚང་མར་ཕྱོགས་བསྡུས་ཀྱི་ཐལ་འགོག་བྱ་ཐབས་ཡོད་དགོས།
(བཅུ་གསུམ)ཝ་སི་དང་གཏེར་ཐལ་གྱི་འབར་གས་སླ་བའི་གཏེར་ཁྲོན་དུ་འབར་གས་སྔོན་འགོག་བྱེད་ཆེད་ཀྱི་གློག་ཆས་སྒྲིག་བཀོད་ཡོད་དགོས་པ་དང་སྦྲགས་ཐལ་འགོག་དང་འབར་གཡོལ་གྱི་བྱ་ཐབས་ཡོད་དགོས།
(བཅུ་བཞི)འོད་འཕྲོའི་རང་བཞིན་ལྡན་པའི་གཏེར་དངོས་སྔོག་འདོན་བྱེད་སའི་གཏེར་ཁྲོན་དུ་ངེས་པར་དུ་གཤམ་གསལ་གྱི་བླང་བྱ་ཁག་དང་མཐུན་པ་བྱེད་དགོས་པ་སྟེ།
1.གཏེར་ཁྲོན་གྱི་རླུང་འགྲོ་ཚད་དང་རླུང་སྤུས་དེ་ཏུང་རླུང་དམའ་རུ་གཏོང་ཐུབ་པ་བྱེད་དགོས་པ་དང་། རླུང་འགྲོ་ཚད་མེད་དང་བཙོག་རླུང་རྒྱུན་འཁོར་བྱེད་རིགས་སྔོན་འགོག་བྱེད་དགོས་པ་དང་།
2.རླུང་འགྲོའི་གཙོ་ལམ་དེ་གཏེར་ཁའི་ཁྱབ་རྒྱུད་ཀྱི་ཕྱི་ངོས་སུ་འཁེལ་བ་བྱེད་པ་དང་། གཏེར་ཁའི་ཁྱབ་རྒྱུད་བཤགས་པ་དང་བྲག་རྡོའི་སེར་སུབ་གསོ་བའི་རླུང་འགྲོ་སར་ཏུང་རླུང་འགོག་པའི་བྱ་ཐབས་ཡོད་དགོས།
3.ཕྱིར་བཤོལ་བྱེད་པའི་གཏེར་ཁ་སྔོག་འདོན་དང་སྐྱེལ་འདྲེན་བྱེད་སྟངས་སྤྱོད་དགོས།
4.གཏེར་ཁྲོན་ནང་བཙོག་ཆུ་མ་རྒྱུག་པའི་སྔོན་འགོག་བྱེད་དགོས་པ་དང་སྦྲགས་ཁ་བཀག་པའི་བཙོག་ཆུ་བཤང་གཏོང་གི་སྒྲིག་སྦྱོར་ཡོད་དགོས་པ་བཅས་སོ།
(བཅོ་ལྔ)གཏེར་རིའི་འབར་གས་དངོས་རྫས་ཉར་ཚགས་བྱེད་སར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པ་བྱེད་དགོས།
(བཅུ་དྲུག)རྡོ་བཤང་ས་དང་། སོལ་མ་རྡོའི་རིར་ཆུ་རུད་རྒྱུགས་པ་ལ་སོགས་པའི་གནོད་འཚེ་འགོག་པའི་བདེ་འཇགས་ཀྱི་བྱ་ཐབས་ཡོད་དགོས་པ་དང་གཏེར་སྙིགས་མཛོད་ཁང་དུ་རགས་ལོག་པ་སོགས་ཀྱི་དོན་རྐྱེན་འགོག་པའི་བདེ་འཇགས་ཀྱི་སྒྲིག་ཆས་ཡོད་དགོས།
(བཅུ་བདུན)རི་ཉིལ་བ་དང་གཏེར་ཁ་བསྔོག་པའི་རྐྱེན་གྱིས་ས་རྡིབ་ཀྱི་གནོད་འཚེ་འགོག་པའི་བྱ་ཐབས་ཡོད་དགོས།
(བཅོ་བརྒྱད)གཏེར་ཁྲོན་ཚང་མར་གྲངས་ཚད་འདང་ངེས་ཀྱི་རླུང་འགྲོའི་ཚད་འཇལ་ཆུ་ཚོད་དང་དུག་དང་གནོད་འཚེ་ཡོད་པའི་རླངས་གཟུགས་དང་ཁྲོན་འོག་གི་ཁོར་ཡུག་དཔྱད་ཆས་ཡོད་དགོས། ཝ་སི་ཕྱིར་མངོན་པའི་གཏེར་ཁྲོན་བསྔོག་འདོན་བྱེད་སྐབས་ལྟ་དཔྱད་ཀྱི་མ་ལག་དང་ལྟ་དཔྱད་སྒྲིག་ཆས་ཡོད་དགོས།
(བཅུ་དགུ)གྱོན་ཆས་བརྗེ་ལེན་བྱེད་ས་དང་གཟུགས་པོ་འཁྲུད་ཁང་སོགས་ཀྱི་སྒྲིག་ཆས་ཡོད་དགོས།
དོན་ཚན་བཅུ་པ། གཏེར་རིར་ངེས་པར་དུ་ཕྱི་རོལ་དང་འབྲེལ་མཐུད་ཐུབ་པ་དང་། བདེ་འཇགས་ཀྱི་བླང་བྱ་དང་མཐུན་པའི་སྐྱེལ་འདྲེན་དང་འཕྲིན་གཏོང་སྒྲིག་ཆས་ཡོད་དགོས།
དོན་ཚན་བཅུ་གཅིག་པ། གཏེར་རིའི་འཛུགས་སྐྲུན་ལས་གྲྭའི་འཆར་གཞིའི་ཡིག་རིགས་ནང་འབྲེལ་ཡོད་བདེ་འཇགས་དང་འཕྲོད་བསྟེན་གྱི་སྒྲིག་ཆས་སོགས་ཀྱི་སྐོར་ངལ་རྩོལ་སྲིད་འཛིན་དོ་དམ་གཙོ་འགན་སྡེ་ཚན་དང་རིམ་པ་གཅིག་མཚུངས་བཟོ་ཚོགས་ཀྱིས་ཞིབ་བཤེར་ནང་ཞུགས་ནས་མོས་མཐུན་བྱས་རྗེས་རྒྱལ་ཁབ་ཀྱི་ཞིབ་བཤེར་ཆོག་མཆན་ཞུ་རྒྱུའི་གཏན་འབེབས་ལྟར་ཞིབ་བཤེར་ཆོག་མཆན་ཞུ་རྒྱུ།
ཆོག་མཆན་བཀོད་ཟིན་པའི་འཆར་གཞིའི་ནང་གསལ་གཏེར་རིའི་བདེ་འཇགས་དང་འཕྲོད་བསྟེན་གྱི་སྒྲིག་ཆས་ལ་འགྱུར་ལྡོག་གཏོང་དགོས་ཚེ་ངེས་པར་དུ་དེ་སྔ་ཞུགས་སའི་ངལ་རྩོལ་སྲིད་འཛིན་དོ་དམ་གཙོ་འགན་སྡེ་ཚན་དང་བཟོ་ཚོགས་དེའི་མོས་མཐུན་ཐོབ་པ་བྱེད་དགོས།
དོན་ཚན་བཅུ་གཉིས་པ། གཏེར་རིའི་འཛུགས་སྐྲུན་ལས་གྲྭ་རྣམས་ངེས་པར་དུ་ཆོག་མཆན་ཐོབ་པའི་འཆར་གཞིའི་ཡིག་ཆ་ལྟར་བསྐྲུན་ཐོག་གཏེར་རིའི་བདེ་འཇགས་དང་འཕྲོད་བསྟེན་སྒྲིག་ཆས་བཟོ་སྐྲུན་སྤུས་ཚད་འགན་ལེན་བྱེད་དགོས།
དོན་ཚན་བཅུ་གསུམ་པ། གཏེར་རིའི་འཛུགས་སྐྲུན་ལས་གྲྭར་བདེ་འཇགས་དང་འཕྲོད་བསྟེན་གྱི་སྒྲིག་ཆས་སྐྲུན་རྒྱུའི་ལས་མཇུག་འགྲིལ་རྗེས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་མཐའ་ཞིབ་རྩིས་ལེན་ཡོང་བའི་དགོངས་སྐོར་ཞུ་དགོས། འཛུགས་སྐྲུན་སྡེ་ཚན་གྱིས་མཐའ་ཞིབ་རྩིས་ལེན་མ་བྱས་གོང་གི་ཉིན་60ནང་ཚུན་དུ་གཏེར་རིའི་ཁེ་ལས་དོ་དམ་ཚན་པ་དང་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་གཏེར་རིའི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་དང་འཕྲོད་བསྟེན་སྒྲིག་ཆས་ལས་སྐྲུན་དང་ལས་མཇུག་འགྲིལ་བའི་སྐོར་ཕྱོགས་བསྡུས་སྙན་ཞུ་འབུལ་དགོས། གཏེར་རིའི་ཁེ་ལས་དོ་དམ་གཙོ་འགན་ཚན་པ་དང་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་འཛུགས་སྐྲུན་སྡེ་ཚན་ལ་འབུལ་བའི་གཏེར་རིའི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་འཕྲོད་བསྟེན་སྒྲིག་ཆས་ལས་སྐྲུན་དང་ལས་མཇུག་འགྲིལ་བའི་གནས་ཚུལ་ཕྱོགས་བསྡུས་སྙན་ཞུ་འབྱོར་ཉིན་གྱི་ཉིན་30ནང་ཚུན་དུ་གཏེར་རིའི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཀྱི་སྒྲིག་ཆས་ལ་ཞིབ་བཤེར་བྱེད་དགོས། གཏེར་རིའི་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དེ་བཞིན་གཏེར་རིའི་བདེ་འཇགས་སྒྲིག་སྲོལ་དང་། ལས་རིགས་ལག་རྩལ་གྱི་ཚད་གཞི་དང་མ་མཐུན་ཚེ་ཞིབ་བཤེར་རྩིས་ལེན་མི་བྱེད་པ་དང་ཐོན་སྐྱེད་བེད་སྤྱོད་བྱེད་མི་ཆོག
ལེའུ་གསུམ་པ། གཏེར་རི་སྔོག་སྐབས་ཀྱི་བདེ་འཇགས་འགན་སྲུང་།
དོན་ཚན་བཅུ་བཞི་པ། གཏེར་རིའི་ཁེ་ལས་ཀྱིས་ངེས་པར་དུ་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་ནས《གཏེར་འདོན་བདེ་འཇགས་འཁྲོལ་འཛིན》ཞུ་དགོས་པ་དང་། ལག་ཁྱེར་དེ་ལོན་རྗེས་གཞི་ནས་གཏེར་ཁ་འདོན་ཁུལ་གྱི་སྲིད་འཛིན་གཙོ་འགན་སྡེ་ཚན་ནས《གཏེར་འདོན་འཁྲོལ་འཛིན》ཞུ་དགོས། གོང་གསལ་ཁྲོལ་འཛིན་ཁག་གཉིས་པོ་ལོན་རྗེས་གཞི་ནས་གཏེར་ཁ་བཏོན་ཆོག གཏེར་རིའི་ཁེ་ལས་ཀྱིས་འཁྲོལ་འཛིན་ཐོབ་ཁོངས་སུ་གཏེར་ཁ་སྔོག་འདོན་བྱེད་དགོས་པ་ལས་བང་རིམ་དང་བཅད་མཚམས་བརྒལ་ནས་གཏེར་ཁ་འདོན་མི་ཆོག
ས་གནས(གྲོང་ཁྱེར)དང་། རྫོང་ཁོངས་ཀྱི་གཏེར་རིའི་ཁེ་ལས་ལ《གཏེར་འདོན་བདེ་འཇགས་འཁྲོལ་འཛིན》ས་གནས(གྲོང་ཁྱེར)དེ་གའི་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྤྲོད་དགོས་པ་དང་། ལྗོངས་ཐད་གཏོགས་དང་། ཀྲུང་དབྱང་ཐད་གཏོགས། དམག་དཔུང་། ལྗོངས་ཕྱི་ནང་མཉམ་འབྲེལ་བྱས་པའི་རིགས་དང་། ལྗོངས་ཕྱི་རོལ་ནས་མ་རྩ་བཏང་སྟེ་རང་ལྗོངས་སུ་བཙུགས་པའི་གཏེར་ཁའི་ཁེ་ལས་བཅས་ཀྱི་རིགས་ལ《གཏེར་འདོན་བདེ་འཇགས་འཁྲོལ་འཛིན》རང་སྐྱོང་ལྗོངས་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྤྲོད་དགོས།
དོན་ཚན་བཅོ་ལྔ་པ། གཏེར་རི་སྔོག་པར་ངེས་པར་དུ་གཤམ་གསལ་གྱི་ས་བཀྲའི་དཔྱད་ཡིག་དགོས་པ་སྟེ།
(གཅིག)ས་གཞིས་ཆགས་ཚུལ་ས་བཀྲ(ཆུ་དཔྱད་ས་གཤིས་དང་ལས་གྲྭའི་ས་གཤིས་ཚུད)དང་།
(གཉིས)གཏེར་རིའི་སྤྱིའི་བཀོད་སྒྲིག་དང་གཏེར་དོང(གཏེར་ཁྲོན)སྟེང་འོག་སྡུར་བྱེད་ཀྱི་ས་བཀྲ།
(གསུམ)གཏེར་ཁྲོན་དང་། འདྲེན་ལམ། སྔོག་ཡུལ་བཅས་ཀྱི་བཀོད་སྒྲིག་ས་བཀྲ།
(བཞི)གཏེར་འདོན་དང་བདེ་འཇགས་འགན་ལེན་གྱི་གཙོ་ཆེའི་ས་བཀྲ་བཅས་སོ།
དོན་ཚན་བཅུ་དྲུག་པ། གཏེར་རི་སྔོག་སྐབས་ཐོན་སྐྱེད་ཀྱི་བདེ་འཇགས་ལ་འགན་སྲུང་དང་ལས་འཛོལ་རིགས་སྔོན་འགོག་བྱ་རྒྱུར་གཤམ་གསལ་གྱི་སྲུང་སྐྱོབ་སྒྲིག་བཀོད་དང་བྱ་ཐབས་སྤྱོད་དགོས་པ་སྟེ།
(གཅིག)ཐང་གཤོང་གཏེར་ཁུལ་དང་དེའི་ཉེ་རྒྱུད་དུ་མི་སོགས་ལྷུང་ཉེན་ཆེ་བའི་འབིགས་དོང་དང་། བེད་མེད་གཏེར་ཁྲོན་ས་དོང་། འདག་རྫིང་། ཆུ་བསྐྱིལ་ས་སོགས་ཀྱི་རིགས་ལ་ངེས་པར་དུ་ཁེབས་གཅོད་རྒྱག་པའམ་ཡང་ན་ར་སྐྱོར་སོགས་སྐོར་དགོས་པ་མ་ཟད་བརྡ་རྟགས་མངོན་ཆེའི་རིགས་འཛུགས་དགོས་པ་དང་།
(གཉིས)ཐང་གཤོང་གཏེར་ཁུལ་གྱི་གཤམ་གསལ་གནས་ཚུལ་གང་རུང་ལ་ངེས་པར་དུ་ལས་ཀ་ཚུགས་གྲོལ་སྐབས་ལས་བཟོ་བ་ཕར་སྐྱེལ་ཚུར་ལེན་བྱེད་སའི་འཁོར་རིགས་འཛུགས་དགོས།
1.ཐང་གཤོང་གཏེར་ཁའི་ལས་མི་འདུས་སྡོད་བྱེད་ས་ནས་གཙོ་བོའི་ལས་ཀ་བྱེད་ཡུལ་བར་རྒྱང་ཁྱད་རྨིད་3000ལས་བརྒལ་རིགས་དང་།
2.ཐང་ཆགས་གཏེར་ཁ་ཀོང་རོང་དུ་ཐད་དྲང་གཏིང་ཚད་རྨིད་100ཡན་ཡོད་རིགས།
3.རི་སྡེབས་ཐང་ཆགས་གཏེར་ཁའི་ཐད་དྲང་མཐོ་ཚད་རྨིད་150ལས་བརྒལ་རིགས་བཅས་ཡིན།
(གསུམ)མཐོ་ཚད་རྨིད་3དང་གཟར་ཚད་ཏུའུ་30ཡན་གང་རུང་གི་གཡང་གཟར་དུ་ལས་ཀ་བྱེད་སྐབས་ངེས་པར་དུ་ཉེན་སྐྱོབ་སྐེ་འཆིང་སྒྲོག་དགོས་པ་དང་། ཉེན་སྐྱོབ་དྲ་བ་གཏོང་བའམ་ཡང་ན་ཉེན་སྐྱོབ་སྐྱོར་ཁྲི་སློང་བ་སོགས་བདེ་འཇགས་ལུས་སྲུང་གི་སྒྲིག་ཆས་འཛུགས་དགོས།
(བཞི)རླུང་ཤུགས་རིམ་པ་དྲུག་ཡན་གྱི་རླུང་ཆེན་རྒྱག་སྐབས་ཐང་སྡེར་དུ་ལྗིད་འདེགས་འཕྲུལ་འཁོར་གྱིས་དངོས་རིགས་འདེགས་འགྱོགས་དང་བར་སྣང་མཐོངས་སུ་བྱ་རྒྱུའི་ལས་ཀའི་རིགས་བྱེད་མི་ཆོག ཁ་བ་ཆེན་པོ་བབས་པ་དང་། རྫས་མེ་བརྒྱབ་པའི་ཐལ་རྡུལ། དེ་བཞིན་གློག་བཞུའི་འདོ་མདངས་གསལ་པོ་མེད་པ་སོགས་ཀྱིས་རྐྱེན་པས་གསལ་པོ་མ་མཐོང་བའམ་ཡང་ན་དྲག་ཆར་དང་། ཁ་བ་བུ་ཡུག་འཚུབ་པ། ནམ་མཁའ་ནས་ཐོག་རྒྱག་པ་སོགས་ཀྱི་ཉེན་ཁས་ཐོན་སྐྱེད་ཀྱི་བདེ་འཇགས་འགན་བློས་མ་བཟོད་པའི་སྐབས་སུ་གནས་སྐབས་ལས་ཀ་བྱེད་མཚམས་འཇོག་དགོས་པ་དང་། མིའི་ལུས་སྲོག་ལ་ཉེན་ཁ་འཕྲད་ཉེན་ཡོད་སྐབས་སུ་འཕྲལ་དུ་མི་རྣམས་ཉེན་ཁ་མེད་སར་སྤོ་དགོས།
(ལྔ)ཐང་གཤོང་དུ་གཏེར་ཁ་སྔོག་འདོན་བྱེད་པའི་འཕྲུལ་ཆས་ལ་གློག་གཏོང་རྒྱུའི་ཆུན་སྒྲིལ་གློག་སྐུད་རྣམས་ངེས་པར་དུ་གློག་རྒྱུན་གཅོད་བྱེད་ཡག་པོ་ཡོད་དགོས་པ་མ་ཟད། ལྕགས་མདོང་(ལྕགས་སྐུད)དང་གློག་འཁྱུད་བདེ་བའི་དངོས་རིགས་དང་མཉམ་དུ་བཞག་མི་ཆོག་པ་དང་། གློག་སྐུད་དེ་རིགས་གཞུང་ལམ་བརྒལ་དུས་ངེས་པར་དུ་གནམ་མཐོངས་ནས་གཏོང་བའམ་ཡང་ན་ཤུབས་བཟོས་ཏེ་ས་འོག་ནས་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱོད་དགོས།
(དྲུག)གློག་འགུལ་འབིགས་གསོར་དང་། ས་སྔོག་འཕྲུལ་འཁོར། འདྲེན་འཁོར་སོགས་ཀྱི་ནང་དུ་ངེས་པར་དུ་གློག་འགོག་ལག་ཤུབས་དང་གློག་འགོག་ལྷམ། གློག་འགོག་ལག་ཆ་དང་ཡོ་ཆས་སོགས་དགོས་པ་དང་། གློག་བཀག་གཏོང་དང་གློག་སྐུད་སྤོས་སྒྱུར་བྱེད་སྐབས་ངེས་པར་དུ་གློག་འགོག་གི་ལུས་སྲུང་ཡོ་ཆས་ཡོད་དགོས།
(བདུན)རྩད་ཞིབ་ཐིག་ལེན་ལས་གྲྭ་དང་། དེའི་མཚོན་རྟགས་ལ་གནོད་སྐྱོན་གཏོང་མི་ཆོག ཐིག་ལེན་མ་རྟེན་རང་དགར་སྤོ་བ་དང་མེད་པ་བཟོ་མི་ཆོག གལ་ཏེ་སྤོ་བ་དང་མེད་པ་བཟོ་དགོས་བྱུང་ཚེ་ས་གཤིས་ཐིག་ལེན་སྡེ་ཚན་གྱི་མོས་མཐུན་ཐོབ་དགོས་པ་མ་ཟད་གཏེར་སྤྱི་དང་ལས་གྲྭའི་སྤྱི་ཁྱབ་བཟོ་བཀོད་ཆེ་མོར་ཡང་སྙན་སེང་ཆོག་མཆན་ཞུ་དགོས།
(བརྒྱད)ཇུས་འགོད་ནང་གསལ་གཏེར་རྡོའི་ཀ་བ་འཇོག་དགོས་པ་རྣམས་གཏན་འབེབས་བྱས་པའི་དུས་བཀག་ནང་སྔོག་འདོན་ནམ་གཏོར་བཤིག་གཏོང་མི་ཆོག
(དགུ)རྫས་མེའི་རྒྱུ་ཆ་ལེན་སྤྲོད་དང་། དབོར་འདྲེན། གསོག་འཇོག་ཞིབ་བཤེར། བེད་སྤྱོད། ཕྱིར་བསྡུ། མེད་པ་བཟོ་བ་སོགས་བྱེད་སྐབས་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྤྱོད་འབར་རྫས་དོ་དམ་སྲོལ་ཡིག》དང《རྫས་མེའི་བདེ་འཇགས་ལམ་སྲོལ》གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།
(བཅུ)རྫས་མེ་རྒྱག་པ་དང་། སྔོག་འདོན་ལས་ཀ ལས་ཡུལ་གྱི་ས་ལྤགས་བཤུ་བ་བཅས་ལ་ངེས་པར་དུ་ལས་ཀའི་ལམ་སྲོལ་བཟོ་དགོས་པ་དང་། ལས་ཀ་བྱེད་མཁན་གྱི་བདེ་འཇགས་ལག་རྩལ་དང་རྩ་འཛུགས་ཀྱི་བྱ་ཐབས་ཁ་གསལ་བཟོ་དགོས།
(བཅུ་གཅིག)ཆུ་འགོག ཆུ་བཤང་གི་མ་ལག་བཟོས་ནས་ཐང་གཤོང་གཏེར་ཁའམ་ཡང་ན་གཏེར་ཁྲོན་ནང་དུ་ས་ངོས་ཀྱི་ཆུ་མི་འཛུལ་བ་བྱེད་དགོས་པ་དང་། ཤ་འོད་ཀྱིས་ཐོན་སྐྱེད་སྐྱེལ་འདྲེན་མ་ལག་དང་འཛུགས་སྐྲུན་དངོས་རིགས། གཞན་ཡང་བཟོ་སྐྲུན་དངོས་པོ་སོགས་མི་འཁྱེར་སྔོན་འགོག་བྱ་རྒྱུ་དང་འབྲེལ་འགྲམ་ས་ཉིལ་བའམ་ཡང་ན་ས་རོ་བཤང་ས་དང་། གཏེར་སྙིགས་སྤུངས་ས། གཏེར་སྙིགས་འགོག་རགས་སོགས་ནས་ས་རུད་མི་ཉིལ་བའི་སྔོན་འགོག་བྱེད་དགོས།
དོན་ཚན་བཅུ་བདུན་པ། གཏེར་རིར་བེད་སྤྱོད་བྱེད་པའི་གཤམ་གསལ་སྒྲིག་ཆས་དང་། ཡོ་ཆས། ལུས་སྲུང་ཡོ་ཆས། བདེ་འཇགས་ཞིབ་བཤེར་དཔྱད་ཆས་སོགས་ངེས་པར་དུ་རྒྱལ་ཁབ་དང་ལས་རིགས་ཀྱི་བདེ་འཇགས་ལག་རྩལ་ཚད་གཞི་དང་མཐུན་དགོས་པ་མ་ཟད་དུས་བཀག་བཟོས་ནས་ཞིབ་བཤེར་དང་བརྗེ་སྒྱུར་བྱེད་དགོས་པ་སྟེ།
(གཅིག)རྫས་མེའི་ཡོ་ཆས་དང་། གཏེར་སྒྲོན། འཕྲིན་གཏོང་ཡོ་ཆས། ཆུན་སྒྲིལ་གློག་སྐུད(གློག་སྐུད) ལྕགས་སྐུད་གཅུས་སྒྲིམ་མ། འགྱོགས་རྒྱག་ཀ་ར། མེ་ཟོན་དང་མེ་གསོད་ཡོ་ཆས་སོགས་དང་།
(གཉིས)གློག་འགུལ་འཕྲུལ་འཁོར་དང་། གློག་ཤུགས་སྒྱུར་ཆས། གློག་བགོའི་སྒམ་སྒྲོམ། གློག་ཆས་བསད་སྤར། གློག་སྒྲོན་ཡོ་ཆས། གློག་ནུས་སྟངས་འཛིན་སྒྲིག་ཆས་སོགས།
(གསུམ)སྔོག་འདོན་དང་། བླུག་འགེལ། འདེགས་འགྱོགས། སྐྱེལ་འདྲེན། རླུང་འགྲོ། ཆུ་འགྲོ། ཝ་སི་འཐེན་འདོན། མཁའ་རླུང་གནོན་བཙིར། ལྗིད་འདེགས་སྒྲིག་ཆས་སོགས།
(བཞི)ལུས་སྲུང་ཡོ་ཆས་རིགས་དང་། རང་སྐྱོབ་ཡོ་ཆས། མྱུར་སྐྱོབ་སྒྲིག་ཆས་སོགས།
(ལྔ)བདེ་འཇགས་འཕྲོད་བསྟེན་ཞིབ་བཤེར་བྱེད་པའི་དཔྱད་ཆས་རིགས།
(དྲུག)གཏེར་རིའི་ཁེ་ལས་ཀྱིས་གློག་འཕྲུལ་སྒྲིག་ཆས་དང་རླངས་ཆུའི་འདོང་ལམ། དེ་བཞིན་འགོག་སྲུང་སྒྲིག་ཆས་ཀྱི་བདེ་འཇགས་དཔྱད་ཆས་ལ་དུས་བཀག་ནང་ཞིབ་བཤེར་བཟོ་བཅོས་རྒྱག་པ་དང་ཞིབ་བཤེར་ཉམས་གསོ་བྱས་ཚུལ་ཟིན་ཐོ་བཀོད་དེ་ཡིག་ཚགས་བཟོ་དགོས། གློག་འཕྲུལ་སྒྲིག་ཆས་སྲུང་སྐྱོང་དང་ཉེན་ཟོན་གྱི་སྒྲིག་ཆས། དེ་བཞིན་བདེ་འཇགས་ཀྱི་སྒྲིག་ཆས་ཁག་ཆ་ཚང་དང་། གང་འགབ་ཅི་སྤྱོད། བློས་འགེལ་ཆོག་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས།
(བདུན)འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱི་ཁས་ལེན་པའི་དེ་མིན་གྱི་དམིགས་བསལ་བདེ་འཇགས་བླང་བྱ་ཡོད་པའི་སྒྲིག་ཆས་དང་དཔྱད་ཆས་བཅས་སོ།
དོན་ཚན་བཅོ་བརྒྱད་པ། གཏེར་འདོན་ལས་ཀ་བྱ་ཡུལ་དུ་དུག་སྐྱོན་དང་གནོད་འཚེ་ཡོད་པའི་རླངས་པ་དང་། ཟེར་འགྱེད་རང་བཞིན་གྱི་དངོས་པོ། གནོད་འཚེ་ཡོད་པའི་དངོས་པོ་གཞན་དག་བཅས་ཀྱི་གར་ཚད(ཤུགས་ཚད)དེ་རྒྱལ་ཁབ་ཀྱི་གཏན་འབེབས་ལས་བརྒལ་མི་ཆོག་པ་དང་། ངེས་པར་དུ་འབྲེལ་ཡོད་གཏན་འབེབས་ཀྱི་དུས་ཚོད་དང་ཐབས་ཤེས་གཞིར་བཟུང་དུས་བཀག་ནང་ཞིབ་དཔྱད་ཚད་ལེན་བྱེད་པ་དང་འབྲེལ་ཟིན་ཐོ་འགོད་དགོས་པ་དང་། ཚད་གཞི་ལས་བརྒལ་སྐབས་དུས་ཐོག་ཏུ་བྱ་ཐབས་སྤྱོད་དགོས་པ་མ་ཟད། གཤམ་གསལ་བླང་བྱར་གཞིགས་ནས་དུས་བཀག་ནང་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་སྟེ།
(གཅིག)ཐལ་རྡུལ་ཡོད་པའི་ལས་སྒྲུབ་བྱེད་སར་ཟླ་རེར་ཉུང་མཐར་ཡང་ཞིབ་བཤེར་ཚད་ལེན་ཐེངས་གཉིས་རེ་བྱེད་དགོས་པ་དང་།
(གཉིས)སན་ཞའོ་ཅི་ཅ་པན་རྫས་འགྱུར་སྔོག་འདོན་བྱེད་སར་ཟླ་རེར་ཉུང་མཐར་ཡང་ཞིབ་བཤེར་ཚད་ལེན་ཐེངས་རེ་བྱེད་དགོས།
(གསུམ)ཟེར་འགྱེད་དངོས་པོའི་ལས་སྒྲུབ་བྱེད་སར་ཟླ་རེར་ཉུང་མཐར་ཡང་ཞིབ་བཤེར་ཚད་ལེན་ཐེངས་གསུམ་རེ་བྱེད་དགོས།
(བཞི)དུག་སྐྱོན་དང་གནོད་འཚེ་ཡོད་པའི་ལས་སྒྲུབ་བྱེད་སའི་གཏེར་ཁྲོན་དུ་ཟླ་རེར་ཉུང་མཐར་ཡང་ཞིབ་བཤེར་ཚད་ལེན་ཐེངས་རེ་བྱེད་དགོས།
(ལྔ)ལོགས་སུ་དཔེ་དབྱིབས་འཚོལ་བསྡུ་བྱེད་པའི་ཐབས་ལ་བརྟེན་ནས་རྡུལ་ལེན་རང་བཞིན་གྱི་ཐལ་རྡུལ་ལ་ཞིབ་བཤེར་ཚད་ལེན་བྱེད་པར་དུས་ཚིགས་རེར་ཉུང་མཐར་ཡང་ཞིབ་བཤེར་ཚད་ལེན་ཐེངས་རེ་བྱེད་དགོས་པ་བཅས་སོ།
དོན་ཚན་བཅུ་དགུ་པ། གཏེར་ཁྲོན་དུ་སྔོག་འདོན་ལས་སྒྲུབ་བྱེད་སྐབས་ངེས་པར་དུ་ལས་སྒྲུབ་ཀྱི་སྒྲིག་སྲོལ་གཏན་འབེབས་ལྟར་འགྱོགས་འདེགས་ལ་དོ་དམ་བྱེད་དགོས། གཏེར་ཁ་སྔོག་འདོན་བྱེད་སྐབས་ས་གས་པ་དང་འགྱོགས་འདེགས་ལ་སྐྱོན་ཡོད་སར་འཁེལ་ན་ངེས་པར་དུ་འགྱོགས་རྒྱག་ཤུགས་ཆེ་རུ་གཏོང་དགོས།
ཐང་གཤོང་དུ་རྐོ་འདོན་ལས་སྒྲུབ་བྱེད་སྐབས་ངེས་པར་དུ་ཇུས་འགོད་ཀྱི་གཏན་འབེབས་ལ་གཞིགས་ནས་རྐོ་འདོན་བྱེད་ཁྱོན་གྱི་བར་མཚམས་ཀྱི་མཐོ་ཚད་དང་། ཞེང་ཚད། གཟར་ཚད། མཐའ་མའི་གཟར་ངོས་ཀྱི་ཚད་བཅས་ལ་སྟངས་འཛིན་བྱེད་དགོས། རྐོ་འདོན་ལས་སྒྲུབ་དང་ས་བཤངས་ལས་སྒྲུབ་བྱེད་སྐབས་གཏེར་ཁྲོན་གྱི་གཏིང་ཚད་དང་ཡང་ན་ཉེ་འགྲམ་གྱི་ཁྲོན་སྲང་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས།
དོན་ཚན་ཉི་ཤུ་པ། ས་འོག་ཏུ་སྲ་གཟུགས་གཏེར་རྫས་སྔོག་སྐབས《ལྕགས་བཞུ་གཏེར་རིའི་བདེ་འཇགས་སྒྲིག་སྲོལ(ཁྲོན་འོག་གི་ཆ་ཤས)》དང《ཨར་ལས་རྒྱུ་ཆ་གཏེར་རིའི་བདེ་འཇགས་སྒྲིག་སྲོལ》《རྡོ་སོལ་གཏེར་རིའི་བདེ་འཇགས་སྒྲིག་སྲོལ》《རྫས་འགྱུར་གཏེར་རིའི་བདེ་འཇགས་སྒྲིག་སྲོལ》སོགས་ཁག་སོ་སོ་ལག་ལེན་ནན་པོ་བསྟར་དགོས།
དོན་ཚན་ཉེར་གཅིག་པ། གཏེར་རིའི་ལས་ཀ་བྱེད་སྐབས་ཐལ་རྡུལ་ལངས་ས་ཁག་ལ་ངེས་པར་དུ་ཕྱོགས་བསྡུས་ཐལ་འགོག་གི་བྱ་ཐབས་སྤྱད་དེ་ཐལ་རྡུལ་གྱི་གནོད་འཚེ་འཕོག་རྒྱུར་ཚོད་འཛིན་བྱེད་དགོས་པ་དང་། ཐལ་རྡུལ་ལངས་སར་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་ཐལ་རྡུལ་འགོག་བྱེད་ཀྱི་ཁེབས་ཆས་གྱོན་དགོས།
དོན་ཚན་ཉེར་གཉིས་པ། གཏེར་ཁྲོན་འོག་གི་རླུང་བུ་རྒྱུག་ཚད་དང་། རླུང་སྤུས། མྱུར་ཚད། ལས་སྒྲུབ་བྱེད་སའི་ཁོར་ཡུག་གི་མཁའ་རླུང་བཅས་ངེས་པར་དུ་གཏེར་རིའི་བདེ་འཇགས་སྒྲིག་སྲོལ་གྱི་གཏན་འབེབས་དང་མཐུན་དགོས།
རླུང་བུའི་ཁྲོད་དུ་གཏེར་ཁ་སྔོག་འདོན་ལས་ཀ་བྱེད་སྐབས་བོངས་ཚད་ལྟར་རྩིས་རྒྱག་དགོས་པ་དང་། གསོ་རླུང་20%ལས་དམའ་རྒྱུ་མེད་པ་དང་། དབྱང་གཉིས་ཐན་འགྱུར་0.5%ལས་བརྒལ་རྒྱུ་མེད།
གཏེར་ཁྲོན་འོག་གི་ལས་སྒྲུབ་བྱེད་སར་མཁའ་རླུང་གི་དྲོད་ཚད་28℃ལས་བརྒལ་རྒྱུ་མེད་པ་དང་། དེ་ལས་བརྒལ་སྐབས་དྲོད་ཚད་དམའ་རུ་གཏོང་བའམ་ཡང་ན་འགོག་སྲུང་བྱ་ཐབས་གཞན་དག་སྤྱོད་དགོས།
དོན་ཚན་ཉེར་གསུམ་པ། སྔོག་འདོན་གྱི་ཁྱིམ་གཞིས་ཆགས་ཁུལ་དུ་སྨན་བཅོས་སུའོ(ཁང)འཛུགས་དགོས་པ་མ་ཟད། འཕྲིན་གཏོང་ཡོ་ཆས་དང་། རྒྱུན་སྤྱོད་མྱུར་སྐྱོབ་སྨན་རིགས། སྨན་བཅོས་སྲོག་སྐྱོབ་སྒྲིག་ཆས་བཅས་ཡོད་དགོས།
དོན་ཚན་ཉེར་བཞི་པ། གཏེར་རིའི་ཁེ་ལས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཏེར་རི་སྔོག་མཚམས་འཇོག་དགོས་པ་དང་། གཏེར་རི་སྔོག་མཚམས་བཞག་རྗེས་གནོད་འཚེ་ཐོན་བཟོ་ཡོད་ན་སྔོན་འགོག་བྱེད་ཐབས་སྤྱོད་དགོས། གཏེར་རི་སྔོག་མཚམས་འཇོག་པའི་སྙན་ཞུའི་ནང་གཤམ་གསལ་ནང་དོན་ཁག་ཚང་དགོས།
(གཅིག)སྔོག་འདོན་བྱེད་ཁྱོན་དང་གཏེར་ཁ་སྔོག་སྐྱུར་འཇོག་ཁུལ་ཐག་གཅོད་གནས་ཚུལ།
(གཉིས)གཏེར་ཁྲོན་སྒོ་བརྒྱབ་པའི་བྱ་ཐབས།
(གསུམ)བདེ་འཇགས་ལ་གནོད་པའི་རྐྱེན་རྩ་གཞན་དག་མེད་པ་བཟོ་ཐབས་བཅས་སོ།
ལེའུ་བཞི་པ། གཏེར་རིའི་ཁེ་ལས་ཀྱི་བདེ་འཇགས་དོ་དམ།
དོན་ཚན་ཉེར་ལྔ་པ། གཏེར་རིའི་འགན་འཁུར་བ་ནི་གཏེར་རི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁུར་བ་ཨང་དང་པོ་དེ་ཡིན་པས་ཁེ་ལས་དེ་གའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀའི་འགན་འཁུར་དགོས།
གཏེར་རིའི་འགན་འཁུར་བས་དུས་བཀག་ནང་ལས་བཟོའི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ལས་བཟོའི་ཚོགས་ཆེན་ལ་ཁེ་ལས་ཀྱིས་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་གལ་ཆེའི་ཐབས་ཇུས་དང་། བདེ་འཇགས་ཐད་ཀྱི་བྱ་ཐབས་དང་འཆར་གཞི། དེ་བཞིན་དེ་དག་ལག་བསྟར་བྱས་ཚུལ་དང་། ངལ་རྩོལ་གྱི་བདེ་འཇགས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་གྲོས་འཆམ་དང་ལས་འཛོལ་ཚབས་ཆེ་བ་ཐག་གཅོད་བྱས་ཚུལ་སོགས་སྙན་སེང་ཞུ་དགོས་པ་དང་འབྲེལ་ལས་བཟོ་འཐུས་མི་ཚོགས་ཆེན་གྱི་ལྟ་སྐུལ་དང་ལེན་ཞུ་དགོས། གཏེར་རིའི་འགན་འཁུར་བས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་གཤམ་གསལ་གྱི་འགན་འཁྲི་ཁག་འཁུར་དགོས་པ་སྟེ།
(གཅིག) 《གཏེར་རིའི་བདེ་འཇགས་བཅའ་ཁྲིམས》དང་། 《ལག་བསྟར་སྲོལ་ཡིག》 བྱ་ཐབས་འདི་དང་དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་གི་འབྲེལ་ཡོད་གཏེར་རིའི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གཏན་འབེབས་བཅས་ལག་ལེན་ནན་ཏན་བསྟར་དགོས་པ་དང་།
(གཉིས)ཁེ་ལས་དེ་རང་གི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལམ་ལུགས་གཏན་འཁེལ་བྱེད་དགོས།
(གསུམ)དགོས་མཁོར་གཞིགས་ཏེ་ཚད་ལྡན་གྱི་བདེ་འཇགས་ལས་དོན་པ་བཀོད་སྒྲིག་བྱེད་དགོས་པ་དང་ལས་ཀ་བྱེད་ས་ཚང་མར་རྗེས་སྙེག་ཞིབ་བཤེར་བྱེད་དགོས།
(བཞི)ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་ལས་བཟོའི་ངལ་རྩོལ་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པ་དང་བདེ་འཇགས་ཐོན་སྐྱེད་ལ་མཁོ་བའི་མ་བཅོས་རྒྱུ་ཆ་དང་། སྒྲིག་ཆས། དཔྱད་ཆས། ངལ་རྩོལ་གྱི་འགོག་སྲུང་སྤྱོད་ཆས་བཅས་དུས་ཐོག་ཏུ་མཁོ་སྤྲོད་བྱ་རྒྱུའི་འགན་སྲུང་བྱེད་དགོས།
(ལྔ)བྱ་ཐབས་འདི་དང《ལག་བསྟར་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ནས་ལས་བཟོར་བདེ་འཇགས་ཀྱི་སློབ་གསོ་རྒྱག་དགོས་པ་དང་གསོ་སྦྱོང་བྱེད་དགོས།
(དྲུག)གཏེར་རིའི་གནོད་འཚེ་སྔོན་འགོག་དང་བབ་བསྟུན་གྱི་འཆར་གཞི་བཟོ་དགོས།
(བདུན)དུས་ཐོག་ཏུ་བྱ་ཐབས་སྤྱད་ནས་གཏེར་རིའི་བདེ་འཇགས་ལ་གནོད་པའི་འགལ་རྐྱེན་མེད་པ་བཟོ་དགོས།
(བརྒྱད)ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་དང་གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་སྡེ་ཚན་ལ་གཏེར་རིའི་དོན་རྐྱེན་ཇི་མ་ཇི་བཞིན་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
དོན་ཚན་ཉེར་དྲུག་པ། གཏེར་རིའི་ཁེ་ལས་ཀྱི་ལས་བཟོ་རྣམས་ལ་གཏེར་རིའི་བདེ་འཇགས་འཕྲོད་བསྟེན་ལ་ལྟ་སྐུལ་དང་དོ་དམ་བྱེད་ཕྱོགས་ཐད་གཤམ་གསལ་གྱི་ཁེ་དབང་དང་འོས་འགན་ཡོད་པ་སྟེ།
(གཅིག) 《གཏེར་རིའི་བདེ་འཇགས་བཅའ་ཁྲིམས》ལ་བརྩི་སྲུང་བྱ་རྒྱུ་དང་། བྱ་ཐབས་འདི་ཉིད་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུ་དང་།
(གཉིས)ངལ་རྩོལ་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་དང་། བདེ་འཇགས་ཀྱི་སྒྲིག་སྲོལ་དང་ཁེ་ལས་ཀྱི་སྒྲིག་སྲོལ་ལམ་ལུགས་ལག་བསྟར་བྱ་རྒྱུ།
(གསུམ)ལག་རྩལ་གསར་བརྗེས་དང་། བདེ་འཇགས་ཀྱི་ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུ།
(བཞི)ཁེ་ལས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་ལུགས་མཐུན་གྲོས་འཆར་བཏོན་ནས་ངལ་རྩོལ་གྱི་ཆ་རྐྱེན་དང་། ལས་ཀའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ།
(ལྔ)ལས་འཛོལ་གྱི་རྐྱེན་རྩ་ཤེས་པའམ་ཡང་ན་ལས་འཛོལ་བྱུང་སྐབས་ཉེན་ཁ་ཡོད་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་བའམ་ཡང་ན་ཐག་གཅོད་འཐུས་ལེགས་བྱེད་དགོས།
(དྲུག)སྒྲིག་སྲོལ་ལས་འགལ་ཏེ་ལས་ཀ་བྱེད་པའི་གནས་ཚུལ་སུ་ལ་ཡོད་རུང་དེ་བཀག་འགོག་བྱེད་དབང་ཡོད་པ་དང་། སྒྲིག་སྲོལ་ལས་འགལ་བའི་བཀོད་འདོམས་དང་ལེན་མི་བྱེད་པའི་དབང་ཆ་ཡོད།
(བདུན)ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་དང་། བཟོ་ཚོགས་རྩ་འཛུགས་ལ་གཏེར་རིའི་བདེ་འཇགས་ཀྱི་གནས་ཚུལ་དང་། ལྷག་བསྡད་པའི་གནད་དོན་སྙན་སེང་ཞུ་དབང་ཡོད།
(བརྒྱད)ཁེ་ལས་བཟོ་ཚོགས་གཙོ་འགན་སྡེ་ཚན་ནམ་ཡང་ན་གཏེར་རིའི་ཁེ་ལས་ཀྱི་འགོ་ཁྲིད་ཀྱིས་ལས་བཟོའི་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་སྣང་ཆུང་བྱེད་པའི་གཏན་འབེབས་དང་བྱེད་སྤྱོད་ལ་སྐྱོན་བརྗོད་དང་། ཐེར་འདོན། ཞུ་གཏུག་ཁྲིམས་སྦྱོར་བྱེད་པ་བཅས་ཀྱི་དབང་ཆ་ཡོད།
དོན་ཚན་ཉེར་བདུན་པ། གཏེར་རིའི་ཁེ་ལས་ཀྱིས《གཏེར་རིའི་བདེ་འཇགས་བཅའ་ཁྲིམས》གཞིར་བཟུང་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་། ལས་བཟོ་སྒྲིག་འཛུགས་བྱས་ཏེ་ཁེ་ལས་དེ་གའི་བདེ་འཇགས་ལས་དོན་ལ་ལྟ་སྐུལ་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། གཏེར་རིའི་ཁེ་ལས་ཀྱིས་ངེས་པར་དུ་གཤམ་གསལ་གཏན་འབེབས་ལྟར་ལས་བཟོར་བདེ་འཇགས་ཀྱི་སློབ་གསོ་དང་གསོ་སྦྱོང་བྱེད་དགོས་པ་སྟེ།
(གཅིག)གཏེར་རིར་གསར་དུ་སླེབས་པའི་བཟོ་པར་ངེས་པར་དུ་རིམ་པ་གསུམ་པའི་བདེ་འཇགས་ཐོན་སྐྱེད་སློབ་གསོ་གཏོང་དགོས་པ་དང་། གཏེར་རིར་གསར་དུ་སླེབས་པའི་ཁྲོན་འོག་ལས་ཀ་བྱེད་མཁན་ལས་བཟོས་བདེ་འཇགས་སློབ་གསོ་དང་གསོ་སྦྱོང་དང་ལེན་བྱེད་པའི་དུས་ཚད་ཆུ་ཚོད་72ལས་མི་ཉུང་བ་དང་། རྒྱུགས་ལེན་ཚད་ལོན་རྗེས་ངེས་པར་དུ་བདེ་འཇགས་ལས་དོན་གྱི་ཉམས་མྱོང་ཡོད་པའི་ལས་བཟོའི་སྣེ་ཁྲིད་འོག་ལས་ཡུན་ཟླ་བཞི་ལོན་རྗེས་བསྐྱར་དུ་རྒྱུགས་ལེན་དགོས་པ་དང་ཚད་ལོན་པ་ཡིན་ན་གཞི་ནས་རང་རྐྱ་འཕེར་བའི་སྒོ་ནས་ལས་ཀ་བྱས་ཆོག
(གཉིས)ཐང་གཤོང་གི་གཏེར་རིའི་ལས་སྒྲུབ་བྱ་ཡུལ་ལ་གསར་དུ་སླེབས་པའི་ལས་བཟོས་བདེ་འཇགས་ཀྱི་སློབ་གསོ་དང་གསོ་སྦྱོང་དང་ལེན་བྱེད་པའི་དུས་ཚད་དེ་ཆུ་ཚོད་40ནས་མི་ཉུང་བ་དང་། རྒྱུགས་ལེན་ཚད་ལོན་རྗེས་གཞི་ནས་ལས་གནས་ཐོག་ཏུ་ལས་སྒྲུབ་བྱེད་པར་ཡོང་ཆོག
(གསུམ)ཐོན་སྐྱེད་བྱ་ཐབས་གསར་པ་སྤྱད་པ་དང་། ལག་རྩལ་སྒྲིག་ཆས་གསར་པ་ཁ་སྣོན་བྱེད་པའམ་ཡང་ན་ལས་རིགས་སྒྱུར་སྐབས་ངེས་པར་དུ་སྦྱོང་བརྡར་བྱེད་པ་དང་བདེ་འཇགས་ཀྱི་སློབ་གསོ་བཏང་ནས་རྒྱུགས་ཚད་ལོན་རྗེས་གཞི་ནས་ལས་གནས་ཐོག་ལས་ཀ་བྱས་ཆོག
(བཞི)ཐོན་སྐྱེད་ལས་སྒྲུབ་བྱེད་མཁན་ཚང་མས་ལོ་ཕྱེད་ནང་ཉུང་མཐར་ཡང་ཆུ་ཚོད་20ལས་མི་ཉུང་བའི་བདེ་འཇགས་ཀྱི་སློབ་གསོ་དང་སྦྱོང་བརྡར་དང་ལེན་ཞུ་དགོས་པ་དང་། སྦྱོང་བརྡར་བྱེད་རིང་གླ་ཕོགས་སྤྲོད་དགོས། ལས་བཟོ་ཚང་མའི་བདེ་འཇགས་ཀྱི་སློབ་གསོ་དང་སྦྱོང་བརྡར་དང་ལེན་བྱེད་རིམ་གྱི་གནས་ཚུལ་དང་དཔྱད་ཞིབ་བྱས་འབྲས་རྣམས་ངེས་པར་དུ་ཟིན་ཐོ་བཀོད་ནས་ཡིག་ཚགས་ནང་འཇུག་དགོས།
བདེ་འཇགས་ཀྱི་སློབ་གསོ་དང་སྦྱོང་བརྡར་བྱེད་སྟངས་དེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་གཏེར་རིའི་ཁེ་ལས་དོ་དམ་གཙོ་འགན་སྡེ་ཚན་གྱིས་གཏན་འབེབས་བྱ་རྒྱུ།
དོན་ཚན་ཉེར་དགུ་པ། རྫས་མེ་རྒྱག་མཁན་དང་། གློག་ལས་བཟོ་པ། ཚ་ལ་རྒྱག་མཁན། ཝ་སི་ཞིབ་བཤེར་བྱེད་མཁན། རླུང་འགྲོ་བསང་མཁན། བརྡ་གཏོང་མཁན། དོ་པོ་རྒྱག་མཁན། ལྕགས་རིགས་ཚ་ལ(དུམ་འབྲེག)རྒྱག་མཁན། གཏེར་ཁྲོན་གྱི་ཆུ་འཐེན་བཟོ་པ། ཝ་སི་འཐེན་གཏོང་བཟོ་པ། རླུང་གཡབ་འཕྲུལ་ཆས་བཀོལ་སྤྱོད་པ། མཐོར་འདེགས་འཕྲུལ་ཆས་བཀོལ་སྤྱོད་པ། སྒྲིལ་འཐེན་འཕྲུལ་འཁོར་བཀོལ་སྤྱོད་པ། སྐྱེལ་འདྲེན་འཕྲུལ་ཆས་བཀོལ་སྤྱོད་པ། གཏེར་ཁྲོན་གྱི་ལས་མཇུག་འགྲིལ་མཁན། བདེ་འཇགས་ཞིབ་བཤེར་པ། གཏེར་ཁྲོན་གྱི་འཕྲུལ་འཁོར་ཁ་ལོ་བ་བཅས་དམིགས་བསལ་ལས་རིགས་བྱེད་མཁན་གྱིས་ངེས་པར་དུ་ཆེད་ལས་ལག་རྩལ་གསོ་སྦྱོང་དང་ལེན་ཞུ་དགོས་པ་དང་། དཔྱད་ཞིབ་ཀྱི་ཚད་ལོན་ནས་ས་གནས་དེ་གའི་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་སྤྲད་པའི《དམིགས་བསལ་ལས་རིགས་བྱེད་མཁན་གྱི་བཀོལ་སྤྱོད་ལག་ཁྱེར》རག་རྗེས་གཞི་ནས་ལས་གནས་ཐོག་ལས་ཀ་བྱས་ཆོག
དོན་ཚན་སུམ་ཅུ་པ། གཏེར་རིའི་འགན་འཁུར་བ་གཙོ་བོར་ངེས་པར་དུ་དཔྱད་ཞིབ་བྱེད་དགོས་ཤིང་། བདེ་འཇགས་ཐད་ཀྱི་ཆེད་ལས་ཤེས་བྱ་དང་། བདེ་འཇགས་ཐོན་སྐྱེད་ལ་འགོ་ཁྲིད་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་གཏེར་རིའི་བདེ་འཇགས་སྒྲིག་སྲོལ། བདེ་འཇགས་ཀྱི་ཆེད་ལས་ཤེས་བྱ། བདེ་འཇགས་ཐོན་སྐྱེད་བྱ་རྒྱུར་དོ་དམ་བྱེད་ཕྱོགས། གཏེར་རིའི་ལས་འཛོལ་ཐག་གཅོད་དང་བདེ་འཇགས་ཐོན་སྐྱེད་ཀྱི་གྲུབ་འབྲས་སོགས་ལྡན་དགོས། དཔྱད་ཞིབ་བྱ་ཐབས་ནི།
(གཅིག)རྫོང་ཁོངས་གཏོགས་གཏེར་རིའི་ཁེ་ལས་ཀྱི་གཏེར་རིའི་འགན་འཁུར་བ་གཙོ་བོ་ནི་དེ་གནས་སའི་ས་ཁུལ(གྲོང་ཁྱེར)ཀྱི་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་འོས་བབ་དཔྱད་ཞིབ་བྱེད་པ་དང་འབྲེལ་རང་སྐྱོང་ལྗོངས་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།
(གཉིས)ས་གནས(གྲོང་ཁྱེར)ཁོངས་གཏོགས་གཏེར་རིའི་ཁེ་ལས་ཀྱི་གཏེར་རིའི་འགན་འཁུར་བ་ནི་དེ་གནས་སའི་ས་གནས(གྲོང་ཁྱེར)ཀྱི་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དཔྱད་ཞིབ་རགས་ཙམ་བྱས་ཏེ་རང་སྐྱོང་ལྗོངས་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་འོས་བབ་དཔྱད་ཞིབ་གནང་རྒྱུར་འབུལ་དགོས།
(གསུམ)ལྗོངས་ཐད་གཏོགས་དང་། ཀྲུང་དབྱང་ཐད་གཏོགས། དམག་དཔུང་བཅས་དང་། དེ་བཞིན་ལྗོངས་ཕྱི་ནང་མཉམ་གཉེར་དང་། ཕྱི་ཕྱོགས་ཀྱིས་རང་ལྗོངས་སུ་མ་རྩ་བཞག་ནས་འཛུགས་གཉེར་བྱས་པའི་གཏེར་རིའི་ཁེ་ལས་ཀྱི་གཏེར་རིའི་འགན་འཁུར་བ་གཙོ་བོ་ལ་རང་སྐྱོང་ལྗོངས་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དཔྱད་ཞིབ་བྱ་རྒྱུ།
དཔྱད་ཞིབ་བྱེད་སྐབས་ཆ་རྐྱེན་མ་འཛོམས་པའམ་ཡང་ན་འགན་འཛིན་ཡུན་ཚད་ནང་ལས་འཛོལ་ཧ་ཅང་ཆེན་པོ་བྱུང་བའི་གཏེར་རིའི་འགན་འཁུར་བ་གཙོ་བོར་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གཏེར་རིའི་ཁེ་ལས་གཙོ་འགན་སྡེ་ཚན་ལ་གཏེར་རིའི་འགན་འཁུར་བ་གཙོ་བོ་བརྗེ་པོ་རྒྱག་རྒྱུའི་གྲོས་འགོ་འདོན་དབང་ཡོད།
དོན་ཚན་སོ་གཅིག་པ། གཏེར་རིའི་ཁེ་ལས་ཀྱིས་ངེས་པར་དུ་གཏན་འབེབས་ལྟར་ལས་བཟོར་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་ངལ་རྩོལ་གྱི་འགོག་སྲུང་ཡོ་ཆས་སྤྲོད་དགོས་པ་མ་ཟད། ལས་བཟོར་དེ་ལྟར་བྱེད་དགོས་པའི་སྐུལ་ལྕག་ཀྱང་གཏོང་དགོས།
དོན་ཚན་སོ་གཉིས་པ། གཏེར་རིའི་ཁེ་ལས་ཀྱིས་ན་ཚོད་མ་ལོན་མཁན་གཏེར་རིར་ལས་ཀ་བྱེད་དུ་འཇུག་མི་ཆོག
དོན་ཚན་སོ་གསུམ་པ། གཏེར་རིའི་ཁེ་ལས་ཀྱིས་བུད་མེད་ལས་བཟོར《གཏེར་རིའི་བདེ་འཇགས་བཅའ་ཁྲིམས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་བསྒྲགས་བྱས་པའི《བུད་མེད་ལས་བཟོའི་ངལ་རྩོལ་ལ་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས》གཞིར་བཟུང་དམིགས་བསལ་གྱི་ངལ་རྩོལ་སྲུང་སྐྱོབ་བྱེད་དགོས་པ་ལས་བུད་མེད་ལས་བཟོར་སྤང་བྱ་བྱེད་དགོས་པའི་ལས་རིགས་བཀོད་སྒྲིག་བྱེད་མི་ཆོག
དོན་ཚན་སོ་བཞི་པ། གཏེར་རིའི་ཁེ་ལས་ཀྱིས་ལོ་ལྟར་ངེས་པར་དུ་གཏེར་རིའི་ལས་འཛོལ་སྔོན་འགོག་བྱེད་པའི་བདེ་འཇགས་ཀྱི་བྱ་ཐབས་བཟོ་བ་དང་འབྲེལ་ལག་བསྟར་བྱེད་དགོས། གཏེར་རིའི་འགན་འཁུར་བ་གཙོ་བོ་དང་ལག་རྩལ་འགན་འཁུར་བས་ལས་བཟོ་སྒྲིག་འཛུགས་བྱས་ཏེ་ལས་འཛོལ་སྔོན་འགོག་དང་ལས་འཛོལ་ཐག་གཅོད་བྱ་ཐབས་སློབ་སྦྱོང་ནན་ཏན་བྱེད་དགོས། ལས་འཛོལ་སྔོན་འགོག་དང་ཐག་གཅོད་བྱ་ཐབས་བཟོ་བ་དང་། བཟོ་བཅོས་རྒྱག་པ། ཁ་སྣོན་རྒྱག་པ་བཅས་བྱེད་པར་གཏེར་རིའི་འགན་འཁུར་བ་གཙོ་བོས་ཞིབ་དཔྱད་བྱས་རྗེས་གོང་རིམ་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།
དོན་ཚན་སོ་ལྔ་པ། གཏེར་རིའི་ཁེ་ལས་ཀྱིས་ལས་ཀ་བྱ་ཡུལ་མི་འདྲ་བའི་བླང་བྱར་གཞིགས་ཏེ་གཏེར་རིའི་བདེ་འཇགས་མཚོན་རྟགས་འཛུགས་དགོས།
དོན་ཚན་སོ་དྲུག་པ། གཏེར་རིའི་ཁེ་ལས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བདེ་འཇགས་ཀྱི་ཆ་རྐྱེན་གཞིར་བཟུང་ཐོན་སྐྱེད་བྱེད་དགོས་པ་དང་། མ་དངུལ་ཁག་གཅིག་བཀོད་སྒྲིག་བྱེད་དགོས། མཁོ་བའི་མ་དངུལ་དེ་གཏེར་རིའི་ཁེ་ལས་ཀྱིས་གཏེར་རིའི་ཉམས་གསོའི་འགྲོ་གྲོན་གྱི་20%ཡི་བསྡུར་ཚད་ལྟར་འགྲོ་སོང་དངོས་སུ་གཏོང་དགོས་པ་དང་། གཏེར་རི་ཉམས་གསོའི་འགྲོ་གྲོན་མེད་པའི་གཏེར་རིའི་ཁེ་ལས་ཀྱིས་གཏན་འཇགས་རྒྱུ་ནོར་གྱི་རྙིང་འགྱུར་ཚབ་དངུལ་གྱི་20%ཡི་བསྡུར་ཚད་ལྟར་འགྲོ་སོང་དངོས་སུ་གཏོང་དགོས། གཏན་འབེབས་འདི་གཞིར་བཟུང་འཐེན་འཇོག་བྱས་པའི་བདེ་འཇགས་ལག་རྩལ་བྱ་ཐབས་ཀྱི་ཆེད་དོན་མ་དངུལ་ཡོངས་རྫོགས་གཏེར་རིའི་བདེ་འཇགས་ཐོན་སྐྱེད་བྱེད་པའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་ཐད་སྤྱོད་དགོས་པ་གཤམ་གསལ།
(གཅིག)གཏེར་རིའི་ལས་འཛོལ་སྔོན་འགོག་བྱ་རྒྱུའི་བདེ་འཇགས་ལག་རྩལ་བྱ་ཐབས་དང་།
(གཉིས)ལས་རིགས་ཀྱི་གནོད་འཚེ་འཕོག་རྒྱུ་སྔོན་འགོག་བྱེད་པའི་ངལ་རྩོལ་འཕྲོད་བསྟེན་ལག་རྩལ་བྱ་ཐབས།
(གསུམ)ལས་བཟོའི་བདེ་འཇགས་གསོ་སྦྱོང་།
(བཞི)བདེ་འཇགས་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་གཏོང་བའི་ལག་རྩལ་བྱ་ཐབས་གཞན་དག་བཅས་སོ།
ལེའུ་ལྔ་པ། གཏེར་རིའི་བདེ་འཇགས་ལ་ལྟ་སྐུལ་དང་དོ་དམ།
དོན་ཚན་སོ་བདུན་པ། ས་ཁུལ(གྲོང་ཁྱེར)ཡན་གྱི་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ངལ་རྩོལ་བདེ་འཇགས་ལྟ་ཞིབ་ལས་ཁུངས་ཀྱིས་གཏེར་རིའི་བདེ་འཇགས་ལས་ཀའི་ཐད་གཤམ་གསལ་གྱི་ལྟ་སྐུལ་འགན་འཁྲི་འཁུར་དགོས་པ་སྟེ།
(གཅིག)བདེ་འཇགས་ཐོན་སྐྱེད་བྱེད་ཕྱོགས་དང་། གཏེར་རིའི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱ་རྒྱུ་དང་། གཏེར་རིའི་ཁེ་ལས་དང་གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་སྡེ་ཚན་གྱིས་གཏེར་རིའི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་དང་།
(གཉིས)གཏེར་རིའི་ཁེ་ལས་ཀྱི་ལས་བཟོར་བདེ་འཇགས་སློབ་གསོ་དང་གསོ་སྦྱོང་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ།
(གསུམ)གཏེར་རི་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་ཀྱི་ལས་གྲྭ་ཇུས་འགོད་ཞིབ་བཤེར་དང་ལེགས་གྲུབ་རྩིས་ལེན་ནང་ཞུགས་རྒྱུ།
(བཞི)གཏེར་རིའི་ཁེ་ལས་ཀྱི་བདེ་འཇགས་སྒྲིག་ཆས་དང་། ངལ་རྩོལ་གྱི་ཆ་རྐྱེན། ལས་ཀ་བྱ་ཡུལ་གྱི་དུག་ལྡན་དངོས་རྫས་ཀྱིས་ལུས་ཁམས་ལ་གནོད་འཚེ་ཕོག་ཚུལ་དང་བཅོས་སྒྲིག་བྱ་ཐབས་ལ་ཞིབ་བཤེར་བྱ་རྒྱུ། གློག་འཕྲུལ་སྒྲིག་ཆས་དང་། དཔྱད་ཆས། ཡོ་བྱད། དེ་བཞིན་བདེ་སྲུང་གི་སྒྲིག་ཆས་སོགས་ཀྱི་བདེ་འཇགས་ཀྱི་ནུས་པར་ཞིབ་བཤེར་བྱ་རྒྱུ་དང་། དགོས་ངེས་སྐབས་ཞིབ་དཔྱད་ཚད་ལེན་གྱི་འོས་བབ་ཡོད་པའི་ལས་ཁུངས་ལ་གཏེར་རིའི་ལས་ཀ་བྱ་ཡུལ་དང་ཉེན་ཁ་ཅུང་ཆེ་བའི་ད་ལྟ་སྤྱོད་བཞིན་པའི་སྒྲིག་ཆས་དང་། དཔྱད་ཆས། ཡོ་བྱད་བཅས་ལ་དཔེ་མཚོན་འཐེན་བཤེར་བྱ་རྒྱུའི་དབང་ཆ་སྤྲོད་རྒྱུ།
(ལྔ)གཏེར་རིའི་ཁེ་ལས་ཀྱི་བདེ་འཇགས་ལག་རྩལ་བྱ་ཐབས་ཀྱི་ཆེད་སྤྱོད་གྲོན་དངུལ་འཐེན་འཇོག་དང་བེད་སྤྱོད་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ།
(དྲུག)གཏེར་རིར་ཤི་རྨས་ཀྱི་ལས་འཛོལ་བྱུང་བར་བརྟག་དཔྱད་ཐག་གཅོད་བྱེད་པའི་ནང་ཞུགས་རྒྱུ་དང་། ལས་འཛོལ་བྱུང་རྐྱེན་ལ་དབྱེ་ཞིབ་བྱ་རྒྱུ་དང་ལས་འཛོལ་གྱི་འགན་འཁྲི་ཡོད་མཁན་ལ་ཐག་གཅོད་བྱེད་པའི་བསམ་འཆར་མི་འདྲ་བ་ཐོན་སྐབས་ཆོད་སྡོམ་རང་བཞིན་གྱི་བསམ་འཆར་འདོན་རྒྱུ།
(བདུན)གཏེར་རིའི་བདེ་འཇགས་ཀྱི་རེ་འདུན་དང་མ་མཐུན་པའི་ཚན་པར《གཏེར་རིའི་བདེ་འཇགས་ལྟ་སྐུལ་བཀའ་ཡིག》གཏོང་རྒྱུ་དང་། ལེགས་བཅོས་བྱ་རྒྱུའི་ནང་དོན་གསལ་སྟོན་གྱིས་དུས་བཀག་ནང་ལེགས་བཅོས་བྱེད་དུ་འཇུག་རྒྱུ།
(བརྒྱད)རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ལྟ་སྐུལ་གྱི་འགན་འཁྲི་གཞན་དག་བཅས་སོ།
དོན་ཚན་སོ་བརྒྱད་པ། ས་ཁུལ(གྲོང་ཁྱེར)ཡན་གྱི་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ངལ་རྩོལ་བདེ་འཇགས་ལྟ་ཞིབ་ལས་ཁུངས་ལ་གཏེར་རིའི་བདེ་འཇགས་ལྟ་སྐུལ་བ་བཀོད་སྒྲིག་བྱས་ཏེ《གཏེར་རིའི་བདེ་འཇགས་བཅའ་ཁྲིམས》དང་། 《ལག་བསྟར་སྲོལ་ཡིག》 བྱ་ཐབས་འདི་བཅས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱེད་པའི་འགན་འཁུར་རྒྱུ།
གཏེར་རིའི་བདེ་འཇགས་ལྟ་སྐུལ་བ་དེ་གཏེར་རིའི་བདེ་འཇགས་ལག་རྩལ་གྱི་ཤེས་བྱར་རྒྱུས་མངའ་ཡོད་པ་ནས་གཏེར་རིའི་བདེ་འཇགས་ལྟ་སྐུལ་ལས་དོན་གྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་དང་། ལག་རྩལ་ཆེ་མོ་བ། ལས་རོགས་ལག་རྩལ་ཆེ་མོ་བ། ལག་རྩལ་པའམ་ཡང་ན་ལོ་ལྔ་ཡན་གྱི་གཏེར་འདོན་བདེ་འཇགས་ལས་ཀའི་ཉམས་མྱོང་ཡོད་པའི་བདེ་འཇགས་དོ་དམ་ལས་བྱེད་པའི་ཁྲོད་ནས་འདེམས་དགོས། རིམ་པ་ཁག་གི་གཏེར་རིའི་བདེ་འཇགས་ལྟ་སྐུལ་བ་ནི་རང་སྐྱོང་ལྗོངས་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱིས་དཔྱད་ཞིབ་བྱས་ནས་བསྐོ་གཞག་བྱ་རྒྱུ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་ལ་ཐོ་འགོད་བྱེད་དགོས།
གཏེར་རིའི་བདེ་འཇགས་ལྟ་སྐུལ་བར་རང་སྐྱོང་ལྗོངས་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གཅིག་གྱུར་བཟོས་པའི《གཏེར་རིའི་བདེ་འཇགས་ལྟ་སྐུལ་བའི་ལག་ཁྱེར》 དང་ལྟ་སྐུལ་གྱི་མཚོན་རྟགས་སྤྲོད་དགོས།
དོན་ཚན་སོ་དགུ་པ། གཏེར་རིའི་བདེ་འཇགས་ལྟ་སྐུལ་བས《གཏེར་རིའི་བདེ་འཇགས་ལྟ་སྐུལ་བའི་ལག་ཁྱེར》ཁྱེར་ནས་འགན་འཁྲིའི་ཁྱབ་ཁོངས་ནང་ཐོན་ཡུལ་དངོས་ལ་བསྐྱོད་དེ་ག་དུས་ཡིན་ཡང་ཞིབ་བཤེར་བྱས་ཆོག་ལ། གཏེར་རིའི་ཁེ་ལས་ཀྱིས་འཚོགས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་དང་འབྲེལ་བའི་ཚོགས་འདུར་ཞུགས་ནས་རིན་པ་སྤྲོད་མི་དགོས་པར་འབྲེལ་ཡོད་ཀྱི་དཔེ་རིས་དཔྱད་གཞིར་བརྟག་དཔྱད་དང་ལྟ་ཀློག་བྱེད་ཆོག་པ་མ་ཟད། འབྲེལ་ཡོད་ཚན་པ་དང་། སྡེ་ཚན། མི་སྣ་བཅས་ཀྱི་ས་ནས་གནས་ཚུལ་ཤེས་རྟོགས་ཀྱང་བྱས་ཆོག
གཏེར་རིའི་བདེ་འཇགས་ལྟ་སྐུལ་བས་ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་སྐབས། ལས་བཟོའི་བདེ་འཇགས་དང་བདེ་ཐང་ལ་གནོད་འཚེ་ཡོད་པའི་གནས་ཚུལ་ཤེས་ཚེ་ལམ་སེང་ལེགས་བཅོས་སམ་ཡང་ན་དུས་བཀག་ནང་ཐག་གཅོད་བྱ་རྒྱུའི་བསམ་འཆར་འདོན་དབང་ཡོད་པ་དང་། གནས་ཚུལ་ཛ་དྲག་པའི་སྐབས་སུ་ལས་ཀ་བྱེད་མཁན་ཉེན་ཁ་ཡོད་ཁུལ་ནས་འཕྲལ་མར་ཁ་འབྲལ་དགོས་པའི་བསམ་འཆར་འདོན་དབང་ཡོད།
དོན་ཚན་བཞི་བཅུ་པ། གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་གྱིས་གཏེར་རིའི་བདེ་འཇགས་ལས་དོན་ལ་གཤམ་གསལ་དོ་དམ་གྱི་འགན་འཁྲི་འཁུར་དགོས་པ་སྟེ།
(གཅིག)བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དང་། གཏེར་རིའི་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་དང་།
(གཉིས)གཏེར་རི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་སྒྲིག་ཆས་ཀྱི་འཆར་འགོད་ལ་ཞིབ་བཤེར་མཆན་འགོད་བྱ་རྒྱུ།
(གསུམ)གཏེར་རི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཀྱི་སྒྲིག་བཀོད་ལེགས་གྲུབ་ཟིན་པར་ཞིབ་བཤེར་རྩིས་ལེན་བྱེད་འགན་འཁུར་རྒྱུ།
(བཞི)གཏེར་རི་སྔོག་འདོན་བྱེད་སྐབས་ཀྱི་བདེ་འཇགས་འགན་སྲུང་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དོན་འཁྱོལ་བྱ་རྒྱུ།
(ལྔ)གཏེར་རིའི་འགན་འཁུར་བ་དང་གཏེར་རིའི་ཁེ་ལས་ཀྱི་དོ་དམ་པ་གསོ་སྦྱོང་བྱ་རྒྱུའི་ལས་ཀ་སྒྲིག་འཛུགས་བྱ་རྒྱུ།
(དྲུག)གཏེར་རིའི་ལས་འཛོལ་ཆེ་གྲས་ལ་བརྟག་དཔྱད་དང་ཐག་གཅོད་བྱ་རྒྱུ།
(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་དོ་དམ་བྱ་རྒྱུའི་འགན་འཁྲི་གཞན་དག་བཅས་སོ།
ལེའུ་དྲུག་པ། གཏེར་རིའི་ལས་འཛོལ་ཐག་གཅོད།
དོན་ཚན་ཞེ་གཅིག་པ། གཏེར་རིའི་ལས་འཛོལ་བྱུང་ཚེ་ལས་འཛོལ་ཐོན་ཡུལ་གྱི་མི་སྣས་གཏེར་རིའི་འགན་འཁུར་བའམ་གཙོ་འགན་དོ་དམ་འགོ་ཁྲིད་ལ་འཕྲལ་དུ་སྙན་སེང་ཞུ་དགོས་པ་དང་། གཏེར་རིའི་འགན་འཁུར་བའམ་ཡང་ན་གཙོ་འགན་འགོ་ཁྲིད་ཀྱིས་ངེས་པར་དུ་འཕྲལ་མར་ལས་འཛོལ་ཐོན་ཡུལ་དུ་བསྐྱོད་ནས་མྱུར་སྐྱོབ་བྱ་རྒྱུའི་སྒྲིག་འཛུགས་བྱེད་པ་དང་། བྱ་ཐབས་ནུས་ལྡན་སྤྱད་དེ་ལས་འཛོལ་རྒྱ་བསྐྱེད་དང་ཁྱབ་ཆེར་འགྲོ་རྒྱུ་སྔོན་འགོག་བྱེད་དགོས་པ་དང་སྦྲགས། ལམ་སེང་ཉེན་ཁའི་མཚོན་རྟགས་བཙུགས་ཏེ་མི་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཕོག་ཚད་ཉུང་དུ་གཏོང་དགོས།
གཏེར་རིའི་ཁེ་ལས་ལ་མི་ཤི་རྨས་ཀྱི་ལས་འཛོལ་བྱུང་ཚེ། གཏེར་རིའི་འགན་འཁུར་བའམ་ཡང་ན་གཙོ་འགན་འགོ་ཁྲིད་ཀྱིས་ངེས་པར་དུ་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་ཚུན་དུ་གཏེར་ཁ་ཡོད་སའི་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་དང་། གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་དོ་དམ་སྡེ་ཚན། རིམ་པ་གཅིག་མཚུངས་ཀྱི་བཟོ་ཚོགས་རྩ་འཛུགས་བཅས་ལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས།
དོན་ཚན་ཞེ་གཉིས་པ། མི་ཤི་སྐྱོན་གྱི་ལས་འཛོལ་བྱུང་བ་དང་ཐེངས་གཅིག་ལ་མི་གསུམ་ཡན་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་ལས་འཛོལ་བྱུང་ཚེ། ས་གནས་དེ་གའི་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་དང་གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་གྱིས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་དང་གོང་རིམ་གཙོ་འགན་དོ་དམ་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་བའི་འགན་འཁུར་དགོས། ཐེངས་གཅིག་ལ་མི་བཅུ་ཡན་ཤི་སྐྱོན་གྱི་གཏེར་རིའི་ལས་འཛོལ་བྱུང་ཚེ། རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་དང་། ངལ་རྩོལ། སྤྱི་བདེ། ཞིབ་དཔྱོད། སྤྱི་ཁྱབ་བཟོ་ཚོགས་སོགས་ཀྱི་སྡེ་ཚན་ལ་སྙན་སེང་འཕྲལ་དུ་ཞུ་དགོས་པ་དང་། རང་སྐྱོང་ལྗོངས་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱིས་གཏེར་རིར་དོན་རྐྱེན་བྱུང་བ་ཤེས་རྗེས་ཀྱི་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་ཚུན་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། ངལ་རྩོལ་པུའི་གཏེར་རིའི་བདེ་འཇགས་འཕྲོད་བསྟེན་ལྟ་ཞིབ་ཅུས་ལ་སྙན་སེང་ཞུ་དགོས།
དོན་ཚན་ཞེ་གསུམ་པ། མི་ཤི་རྨས་ཀྱི་ལས་འཛོལ་བྱུང་བའི་གཏེར་རིའི་ཁེ་ལས་ཀྱིས་རྨས་མ་མྱུར་སྐྱོབ་ཧུར་ཐག་བྱེད་པ་དང་སྦྲགས། ངེས་པར་དུ་ལས་འཛོལ་ཐོན་ཡུལ་སྲུང་སྐྱོབ་ཡག་པོ་བྱས་ནས་ཉེན་སེལ་མྱུར་སྐྱོབ་བྱེད་སྐབས་ལས་འཛོལ་བྱུང་ཡུལ་གྱི་དངོས་པོ་སྤོ་དགོས་བྱུང་ཚེ། རྟགས་རྒྱག་པ་དང་། ཐོ་འགོད་པ། པར་ལེན་པ། བརྙན་པར་རྒྱག་པའམ་ཡང་ན་ལས་འཛོལ་བྱུང་ཡུལ་གྱི་རི་མོ་འབྲི་བ་བཅས་བྱེད་དགོས། ལས་འཛོལ་བྱུང་ཡུལ་གཙང་འཕྱག་བྱ་རྒྱུ་ནི་ལས་འཛོལ་བརྟག་དཔྱད་ཚོགས་ཆུང་གིས་མོས་མཐུན་བྱུང་རྗེས་གཞི་ནས་བྱས་ན་འགྲིག
དོན་ཚན་ཞེ་བཞི་པ། གཏེར་རིའི་ལས་འཛོལ་བྱུང་སྐབས་གཤམ་གསལ་གྱི་གཏན་འབེབས་ལྟར་བརྟག་དཔྱད་དང་ཐག་གཅོད་བྱེད་དགོས་པ་སྟེ།
(གཅིག)ཐེངས་གཅིག་ལ་རྨས་སྐྱོན་ཡང་བ་དང་ལྕི་བ་བྱུང་བའི་མི་གཅིག་ནས་གཉིས་བར་རམ་ཡང་ན་ཐེངས་གཅིག་ཁོ་ནར་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་5000མན་བཟོས་པའི་སྤྱིར་བཏང་གི་གཏེར་རིའི་ལས་འཛོལ་བྱུང་ཚེ། ལས་འཛོལ་བྱུང་བའི་ཚན་པའི་བདེ་འཇགས་དང་། བཟོ་ཚོགས་སྡེ་ཚན་རང་ཉིད་ཀྱིས་བརྟག་དཔྱད་ཐག་གཅོད་བྱ་རྒྱུ་དང་།
(གཉིས)ཐེངས་གཅིག་ལ་མི་གཅིག་ནས་གཉིས་བར་ཤི་བའམ་ཡང་ན་མི་གསུམ་ནས་དགུ་བར་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའམ་ཡང་ན་ཐེངས་གཅིག་ཁོ་ནར་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་5000ཡན་ནས་སྒོར་50000མན་བཟོས་པའི་གཏེར་རིའི་ལས་འཛོལ་ཅུང་ཚབས་ཆེ་བ་བྱུང་ཚེ། གཏེར་རི་གནས་སའི་ས་གནས(གྲོང་ཁྱེར)ཀྱི་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སོགས་ལས་གྲུབ་པའི་ལས་འཛོལ་བརྟག་དཔྱད་ཚོགས་ཆུང་གིས་བརྟག་དཔྱད་ཐག་གཅོད་བྱེད་དགོས།
(གསུམ)ཐེངས་གཅིག་ལ་མི་གསུམ་ནས་དགུ་བར་ཤི་བའམ་ཡང་ན་མི་བཅུ་ཡན་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའམ་ཐེངས་གཅིག་ཁོ་ནར་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་བརྒྱ་མན་བཟོས་པའི་གཏེར་རིའི་ལས་འཛོལ་ཚབས་ཆེན་བྱུང་ཚེ། ས་གནས་དེ་གའི་སྲིད་འཛིན་ཀུང་ཧྲུའུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་དང་། གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་སྡེ་ཚན། སྤྱི་བདེ། ཞིབ་དཔྱོད། བཟོ་ཚོགས་བཅས་ལས་གྲུབ་པའི་ལས་འཛོལ་བརྟག་དཔྱད་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་ཐག་གཅོད་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་དང་། སྤྱི་བདེ། ཞིབ་དཔྱོད། ལྟ་ཞིབ། སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མི་བཏང་ནས་དེའི་ནང་ཞུགས་དགོས།
(བཞི)ཐེངས་གཅིག་ལ་མི་བཅུ་ཡན་ཤི་བའམ་ཡང་ན་ཐེངས་གཅིག་ཁོ་ནར་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་བརྒྱ་ཡན་བཟོས་པའི་གཏེར་རིའི་ལས་འཛོལ་ཤིན་ཏུ་ཚབས་ཆེན་བྱུང་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་དང་། གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་དོ་དམ་སྡེ་ཚན། སྤྱི་བདེ། ཞིབ་དཔྱོད། ལྟ་ཞིབ་སོགས་སྡེ་ཚན་དང་སྤྱི་ཁྱབ་བཟོ་ཚོགས་བཅས་ལས་གྲུབ་པའི་བརྟག་དཔྱད་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་བརྟག་དཔྱད་ཐག་གཅོད་བྱ་རྒྱུ་བཅས་སོ།
དོན་ཚན་ཞེ་ལྔ་པ། ལས་འཛོལ་བརྟག་དཔྱད་ཚོགས་ཆུང་གི་འགན་འཁྲི་ནི།
(གཅིག)ལས་འཛོལ་བྱུང་བའི་དུས་ཚོད་དང་། ས་ཆ། བརྒྱུད་རིམ། རྒྱུ་རྐྱེན། མི་ཤི་རྨས། དཔལ་འབྱོར་གྱོང་གུན་སོགས་ཀྱི་གནས་ཚུལ་གསལ་རྟོགས་བྱ་རྒྱུ་དང་།
(གཉིས)ལས་འཛོལ་གྱི་ངོ་བོ་དང་འགན་འཁུར་མཁན་གཏན་འཁེལ་བྱ་རྒྱུ།
(གསུམ)ལས་འཛོལ་ཐག་གཅོད་བྱ་རྒྱུའི་བསམ་འཆར་དང་སྔོན་འགོག་གི་བྱ་ཐབས་འདོན་རྒྱུ།
(བཞི)ལས་འཛོལ་གྱི་འཕྲལ་སྡོམ་བྱ་ཐབས་འོས་མིན་དང་དོན་འཁྱོལ་བྱུང་མིན་ལ་ཞིབ་བཤེར་ཚོད་འཛིན་བྱ་རྒྱུ།
(ལྔ)ལས་འཛོལ་བརྟག་དཔྱད་བྱས་པའི་ཡིག་ཐོག་སྙན་ཞུ་འབྲི་རྒྱུ་བཅས་སོ།
དོན་ཚན་ཞེ་དྲུག་པ། ལས་འཛོལ་བརྟག་དཔྱད་ཚོགས་ཆུང་གི་ཁོངས་མིར་གཏེར་རིའི་ལས་འཛོལ་དབྱེ་ཞིབ་དང་། གསལ་འབྱེད། ཐག་གཅོད་བཅས་བྱེད་པའི་འཇོན་ཐང་ཡོད་དགོས་པ་དང་སྦྲགས། ཟུར་གཡོལ་ལམ་ལུགས་ཀྱི་བླང་བྱ་དང་ཡང་འཚམ་པ་དགོས།
དོན་ཚན་ཞེ་བདུན་པ། ལས་འཛོལ་བརྟག་དཔྱད་ཚོགས་ཆུང་གིས་དགོས་ངེས་སྐབས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་འབྲེལ་ཡོད་ཀྱི་གནད་དོན་ལ་གསལ་འབྱེད་བྱེད་དགོས།
དོན་ཚན་ཞེ་བརྒྱད་པ། ལས་འཛོལ་བརྟག་དཔྱད་ཚོགས་ཆུང་ལ་ལས་འཛོལ་བྱུང་བའི་གཏེར་རིའི་ཁེ་ལས་དང་འབྲེལ་ཡོད་སྡེ་ཚན་དང་མི་སྣའི་ས་ནས་ལས་འཛོལ་གྱི་གནས་ཚུལ་དང་འབྲེལ་ཡོད་དཔྱད་གཞི་ལྟ་བའི་དབང་ཆ་ཡོད་པས། ཚན་པ་དང་མི་སྒེར་ཚང་མས་གཞོགས་འདེགས་དམ་ཟབ་བྱེད་དགོས་པ་ལས་ལས་འཛོལ་བརྟག་དཔྱད་ལས་ཀ་རྒྱུན་གཏན་ངང་སྤེལ་རྒྱུར་བཀག་འགོག་དང་ཐེ་ཇུས་བྱེད་མི་ཆོག
དོན་ཚན་ཞེ་དགུ་པ། ལས་འཛོལ་ལ་བརྟག་དཔྱད་ཐག་གཅོད་བྱ་རྒྱུ་ནི་ལས་འཛོལ་བྱུང་རྗེས་ཀྱི་ཉིན་90ནང་ཚུན་དུ་ཚར་དགོས་པ་དང་། དུས་བཀག་ནང་མ་ཚར་བའི་རིགས་རང་སྐྱོང་ལྗོངས་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད་ཉིན་90ནར་འགྱངས་བྱས་ན་འགྲིག
དོན་ཚན་ལྔ་བཅུ་པ། གཏེར་རིའི་ཁེ་ལས་ཀྱིས་གཏེར་རིའི་ལས་འཛོལ་ནང་ཤི་རྨས་བྱུང་བའི་ལས་བཟོར་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འཆི་གོད་ཀྱི་གུན་གསབ་བམ་ཡང་ན་ཁ་གསབ་སྤྲོད་དགོས།
དོན་ཚན་ང་གཅིག་པ། ལས་འཛོལ་ཐག་གཅོད་བྱ་རྒྱུའི་གཏན་འབེབས་ལག་བསྟར་བྱས་ཚུལ་ལ་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ང་གཉིས་པ། 《གཏེར་རིའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བཅུ་པའི་གཏན་འབེབས་ལ་གཞིགས་ནས་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དངུལ་ཆད་འགེལ་རྒྱུ་དེ་གཤམ་གསལ་གྱི་གཏན་འབེབས་གཞིར་བཟུང་ཁག་སོ་སོར་ལག་ལེན་བསྟར་དགོས་པ་སྟེ།
(གཅིག)ལས་བཟོར་བདེ་འཇགས་ཀྱི་སློབ་གསོ་དང་གསོ་སྦྱོང་མ་བྱས་པར་ལས་བགོས་བརྒྱབ་ནས་ལས་གནས་ཐོག་ལས་ཀ་བྱེད་དུ་བཅུག་རིགས་ལ་སྒོར་40000མན་གྱི་དངུལ་ཆད་འགེལ་རྒྱུ་དང་།
(གཉིས)རྒྱལ་ཁབ་ཀྱི་བདེ་འཇགས་ཚད་གཞི་དང་ལས་རིགས་ཀྱི་བདེ་འཇགས་ཚད་གཞི་དང་མ་མཐུན་པར་སྒྲིག་ཆས་དང་། ཡོ་བྱད། འགོག་སྲུང་ཡོ་ཆས། བདེ་འཇགས་ཀྱི་དཔྱད་ཞིབ་ཡོ་བྱད་བཅས་བེད་སྤྱད་རིགས་ལ་འཕྲལ་དུ་བེད་སྤྱོད་བྱེད་མཚམས་འཇོག་དགོས་པའི་བཀའ་གཏོང་དགོས་པ་དང་ཆབས་ཅིག་སྒོར་50000མན་གྱི་དངུལ་ཆད་འགེལ་རྒྱུ།
(གསུམ)གཏན་འབེབས་བཞིན་བདེ་འཇགས་ལག་རྩལ་བྱ་ཐབས་ཀྱི་ཆེད་སྤྱོད་མ་དངུལ་ལེན་མེད་པའམ་ཡང་ན་བེད་སྤྱོད་བྱས་མེད་རིགས་ལ་སྒོར་50000མན་གྱི་དངུལ་ཆད་འགེལ་རྒྱུ།
(བཞི)གཏེར་རིའི་བདེ་འཇགས་ལྟ་སྐུལ་བས་ལས་ཡུལ་དངོས་ལ་ཞིབ་བཤེར་བྱ་རྒྱུར་བཀག་འགོག་བྱེད་པའམ་ཡང་ན་ཞིབ་བཤེར་བྱེད་སྐབས་ལས་འཛོལ་གྱི་རྐྱེན་རྩ་སྦ་སྐུང་བྱས་ཏེ་གནས་ཚུལ་ཇི་མ་ཇི་བཞིན་མ་བཤད་པའི་རིགས་ལ་སྒོར་20000མན་གྱི་དངུལ་ཆད་འགེལ་རྒྱུ།
(ལྔ)གཏན་འབེབས་བཞིན་གཏེར་རིའི་དོན་རྐྱེན་སྐབས་འཕྲལ་སྙན་སེང་མ་ཞུས་པའི་རིགས་ལ་སྒོར་30000མན་གྱི་དངུལ་ཆད་འགེལ་རྒྱུ།
དོན་ཚན་ང་གསུམ་པ། 《གཏེར་རིའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གསུམ་པའི་གཏན་འབེབས་གཞིར་བཟུང་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱིས་ཆད་དངུལ་འགེལ་བའི་ཚད་གཞི་ནི་སྒོར་50000ཡན་ནས་སྒོར་100000མན་ཡིན།
དོན་ཚན་ང་བཞི་པ། བྱ་ཐབས་འདིའི་དོན་ཚན་བཅུ་བདུན་པ་དང་། དོན་ཚན་བཅོ་བརྒྱད་པ། དོན་ཚན་བཅུ་དགུ་པ། དོན་ཚན་ཉི་ཤུ་པ། དོན་ཚན་ཉེར་གཅིག་པ། དོན་ཚན་ཉེར་གཉིས་པ་བཅས་ཀྱི་གཏན་འབེབས་དང་འགལ་ཚེ་ངལ་རྩོལ་སྲིད་འཛིན་སྡེ་ཚན་གྱིས་སྒོར་20000མན་གྱི་དངུལ་ཆད་འགེལ་རྒྱུ།
དོན་ཚན་ང་ལྔ་པ། དོ་བདག་ལ་དངུལ་ཆད་འཇལ་དགོས་པའི་བརྡ་ཐོ་འབྱོར་རྗེས་ཀྱི་ཉིན་15ནང་ཚུན་དུ་དམིགས་འཛུགས་བྱས་པའི་དངུལ་རྩའི་ལས་ཁུངས་ལ་དངུལ་ཆད་སྐྱེལ་བར་འགྲོ་དགོས་པ་དང་། དུས་ཚོད་ཡོལ་ནས་མ་བསྐྱལ་བའི་རིགས་ལ་དུས་ཚོད་ཡོལ་ཉིན་ནས་བཟུང་ཉིན་རེར་དུས་འགྱངས་དངུལ་ཆད་3‰འགེལ་རྒྱུ།
དོན་ཚན་ང་དྲུག་པ། གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་དོ་དམ་པར་གཤམ་གསལ་གྱི་བྱ་སྤྱོད་ཅི་རིགས་ཡོད་པའི་རྐྱེན་གྱིས་གཏེར་རིའི་ལས་འཛོལ་ཐོན་རིགས་ལ་གཏན་འབེབས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས་པ་དང་། གནས་ཚུལ་ཚབས་ཆེ་ཞིང་ཉེས་གསོག་གི་ཚད་ལ་སླེབས་ཡོད་ན་བཅའ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་སྟེ།
(གཅིག)སྒྲིག་ཁྲིམས་དང་འགལ་ནས་བཀོད་འདོམས་བྱེད་པ་དང་། བཟོ་པར་བཙན་པོ་དབང་ཡོད་ཀྱིས་སྒྲིག་ཁྲིམས་དང་འགལ་ནས་ལས་ཀ་ཡ་ཡུག་བྱེད་དུ་འཇུག་པ་དང་།
(གཉིས)བཟོ་པས་སྒྲིག་ཁྲིམས་དང་འགལ་ནས་ལས་ཀ་ཐེངས་མང་བྱས་ནའང་བཀག་འགོག་མ་བྱས་པ།
(གསུམ)ཚབས་ཆེའི་ལས་འཛོལ་ཐོན་པའི་སྔོན་རྟགས་སམ་ཡང་ན་མངོན་མེད་རྐྱེན་ངན་ཤེས་བཞིན་དུ་དུས་ཐོག་ཏུ་བྱ་ཐབས་མ་སྤྱད་པ།
(བཞི)ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱི་ལྟ་སྐུལ་བཀའ་བཀོད་ལག་བསྟར་མ་བྱས་པའམ་ཡང་ན་འབྲེལ་ཡོད་ཚན་པས་བཏོན་པའི་བཅོས་སྒྲིག་བྱ་རྒྱུའི་བསམ་འཆར་དང་ལེན་མ་བྱས་པར་མཇུག་འབྲས་ཚབས་ཆེན་བཟོས་པ་བཅས་སོ།
དོན་ཚན་ང་བདུན་པ། གཏེར་རིའི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་སྒྲིག་ཆས་ཀྱི་འཆར་འགོད་ལ་ཆོག་མཆན་མ་ཐོབ་པར་རང་དགར་ལས་འགོ་བཙུགས་རིགས་ལ་གཏེར་རིའི་ཁེ་ལས་ལ་དོ་དམ་བྱེད་མཁན་གཙོ་འགན་དོ་དམ་སྡེ་ཚན་གྱིས་དེར་ལས་གྲྭ་མཚམས་འཇོག་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། དེ་ལྟར་ལག་བསྟར་མི་བྱེད་མཁན་ལ་གཏེར་རིའི་ཁེ་ལས་གཙོ་འགན་དོ་དམ་སྡེ་ཚན་གྱིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་ས་གཤིས་གཏེར་རྫས་སྡེ་ཚན་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ནས《གཏེར་ཁ་སྔོག་འདོན་ཆོག་པའི་ལག་ཁྱེར》དང《ལས་གཉེར་ལག་ཁྱེར》རྩིས་མེད་དུ་གཏོང་རྒྱུའི་ཐག་གཅོད་ཡོང་བའི་རེ་འདུན་ཞུ་དགོས།
དོན་ཚན་ང་བརྒྱད་པ། གཏེར་རིའི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་སྒྲིག་ཆས་ལ་ཞིབ་དཔྱད་རྩིས་ལེན་མ་བྱས་པའམ་ཡང་ན་ཞིབ་དཔྱད་རྩིས་ལེན་ཚད་མ་ལོན་པར་རང་དགར་ཐོན་སྐྱེད་བྱས་རིགས་ལ་གཏེར་རིའི་ཁེ་ལས་གནས་ཡུལ་ས་གནས(གྲོང་ཁྱེར)ཀྱི་ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་དང་མཉམ་དུ་ཐོན་སྐྱེད་མཚམས་འཇོག་བྱེད་དགོས་པའི་བཀའ་གཏོང་དགོས་པ་མ་ཟད། ངལ་རྩོལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྒོར་ཁྲི་གསུམ་གྱི་དངུལ་ཆད་འགེལ་རྒྱུ་དང་ཐོན་སྐྱེད་བྱེད་མཚམས་མི་འཇོག་མཁན་ལ་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་ས་གཤིས་གཏེར་རྫས་སྡེ་ཚན་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་དེའི《གཏེར་ཁ་སྔོག་འདོན་ཆོག་པའི་ལག་ཁྱེར》དང《ལས་གཉེར་ལག་ཁྱེར》རྩིས་མེད་དུ་གཏོང་རྒྱུའི་ཐག་གཅོད་ཡོང་བའི་རེ་འདུན་ཞུ་དགོས།
དོན་ཚན་ང་དགུ་པ། ཐོན་སྐྱེད་བྱེད་འགོ་ཚུགས་ཟིན་པའི་གཏེར་རིར་བདེ་འཇགས་ཐོན་སྐྱེད་བྱེད་པའི་ཆ་རྐྱེན་མ་འཛོམས་པར་ཨུ་ཚུགས་ཀྱིས་གཏེར་རི་སྔོག་འདོན་བྱས་རིགས་ལ་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་བཀའ་གཏོང་བའམ་ཡང་ན་ས་གཤིས་གཏེར་རྫས་སྡེ་ཚན་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་དེའི《གཏེར་ཁ་སྔོག་འདོན་ཆོག་པའི་ལག་ཁྱེར》དང《ལས་གཉེར་ལག་ཁྱེར》རྩིས་མེད་དུ་གཏོང་རྒྱུའི་ཐག་གཅོད་ཡོང་བའི་རེ་འདུན་ཞུ་དགོས།
དོན་ཚན་དྲུག་ཅུ་པ། གཏེར་རིའི་ཁེ་ལས་ཀྱི་ལས་ཀ་བྱེད་མཁན་ལ་གཤམ་གསལ་གྱི་བྱེད་སྤྱོད་ཅི་རིགས་ཡོད་པའི་རྐྱེན་གྱིས་གཏེར་རིའི་ལས་འཛོལ་ཐོན་རིགས་ལ་ཁེ་ལས་ཀྱིས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་དུ་སླེབས་ཡོད་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་སྟེ།
(གཅིག)དོ་དམ་གྱི་བཀའ་བཀོད་དང་ལེན་མི་ཞུ་བ་དང་།
(གཉིས)སྒྲིག་སྲོལ་ལས་འགལ་ཏེ་ལས་ཀ་བྱེད་པ།
(གསུམ)ཉེན་ཁ་ཡོད་པའི་གནས་ཚུལ་མཐོང་རུང་དུས་ཐོག་ཏུ་བྱེད་ཐབས་མི་སྤྱོད་པའི་ཁར་ཉེན་ཁ་ཡོད་བཞིན་དུ་ད་དུང་ལས་ཀ་བྱེད་པ།
(བཞི)ལས་གནས་ཀྱི་འགན་འཁྲི་མི་འཁུར་བ་བཅས་སོ།
དོན་ཚན་རེ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་ཐག་གཅོད་བྱ་རྒྱུར་འབུལ་དགོས་པའི་དོན་གནད་ཡིན་ཕྱིན་རེ་འདུན་ཞུ་མཁན་ཚན་པས་ཡིག་ཐོག་ནས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་དགོངས་སྐོར་ཞུ་དགོས་པ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཡིག་ཆ་འབྱོར་རྗེས་ཀྱི་ཉིན་བཅོ་ལྔའི་ནང་ཚུན་དུ་ཐག་གཅོད་བྱེད་དགོས།
དོན་ཚན་རེ་གཉིས་པ། ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱིས་གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་དང་མཉམ་དུ་ལག་བསྟར་བྱེད་དགོས་པའི་དོན་གནད་ཡིན་ཕྱིན་གཏེར་རིའི་ཁེ་ལས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་ལ་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱི་བརྡ་ཐོ་འབྱོར་རྗེས་ཀྱི་ཉིན་བཅོ་ལྔའི་ནང་ཚུན་དུ་ལན་འདེབས་དགོས།
དོན་ཚན་རེ་གསུམ་པ། གཏེར་རིའི་བདེ་འཇགས་ཀྱི་ལྟ་སྐུལ་བ་དང་བདེ་འཇགས་ཀྱི་དོ་དམ་པས་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་ཟོལ་འཇོག ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས་ཉེས་གསོག་གི་ཚད་དུ་སླེབས་ཡོད་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་འདྲི་བྱ་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་མེད་ཚེ་གནས་སའི་ཚན་པའམ་ཡང་ན་གོང་རིམ་ལས་ཁུངས་ཀྱིས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
ལེའུ་བརྒྱད་པ། ཞར་བྱུང་།
དོན་ཚན་རེ་བཞི་པ། རང་སྐྱོང་ལྗོངས་ཀྱིས་དེ་སྔ་བཟོས་པའི་གཏེར་རིའི་བདེ་འཇགས་སྐོར་གྱི་འབྲེལ་ཡོད་ཁྲིམས་སྲོལ་དང་སྒྲིག་སྲོལ་ནང་བྱ་ཐབས་འདི་དང་འགལ་བ་ཡོད་ཕྱིན་བྱ་ཐབས་འདི་ཚད་གཞིར་འཛིན་རྒྱུ།
དོན་ཚན་རེ་ལྔ་པ། བྱ་ཐབས་འདི་སྤྱོད་པའི་བརྒྱུད་རིམ་ནང་གི་ཞིབ་ཕྲའི་གནད་དོན་ལ་རང་སྐྱོང་ལྗོངས་ངལ་རྩོལ་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱིས་འགྲེལ་བཤད་རྒྱག་པའི་འགན་འཁུར་རྒྱུ།
དོན་ཚན་རེ་དྲུག་པ། བྱ་ཐབས་འདི་1995ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
འབྲེལ་ཡོད་གསར་འགྱུར།