དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-26

    (1998ལོའི་ཟླ་1ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ། 2002ལོའི་ཟླ་7ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་དག་བཅོས་ཐེངས་དང་པོ་བྱས། 2010ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུབ་འགོག་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་11ལ་བཟོ་བཅོས་རྒྱག་རྒྱུའི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས། 2013ལོའི་ཟླ་9ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་བསྐྱར་བཅོས་བྱས། 2025ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་དང་གནོད་འཚེ་ཉུང་གཏོང་གི་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་11ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉མེད་པ་བཟོ་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས)

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། སྔོན་འགོག་དང་ལུས་གསོ།

    ལེའུ་གསུམ་པ། སློབ་གསོ།

    ལེའུ་བཞི་པ། ངལ་རྩོལ་ལས་ཞུགས།

    ལེའུ་ལྔ་པ། རིག་གནས་འཚོ་བ།

    ལེའུ་དྲུག་པ། སྤྱི་ཚོགས་ཀྱི་ཕན་བདེ་དང་སྤྱི་ཚོགས་ཀྱི་འགན་སྲུང་།

    ལེའུ་བདུན་པ། བཀག་ཆ་མེད་པའི་ཁོར་ཡུག

    ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་དགུ་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ། སྤྱི་ཚོགས་ཀྱི་འཚོ་བའི་ནང་དབང་པོ་སྐྱོན་ཅན་འདྲ་མཉམ་ངང་གང་ལེགས་ཞུགས་ཐུབ་པའི་འགན་སྲུང་ཐོག་སྤྱི་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་འབྲས་བུ་ལོངས་སྤྱོད་བྱེད་ཐུབ་ཕྱིར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དབང་པོ་སྐྱོན་ཅན་གྱི་འགན་སྲུང་ལས་དོན་ཐད་བྱ་ཐབས་འདི་སྤྱོད་དགོས།

    དོན་ཚན་གསུམ་པ། དབང་པོ་སྐྱོན་ཅན་ཞེས་པ་ནི་སེམས་ཁམས་དང་ལུས་ཁམས། ལུས་པོའི་གྲུབ་ཆ་བཅས་ཀྱི་ཕུང་གྲུབ་གང་རུང་མི་ཚང་བ་དང་བྱེད་ནུས་ཤོར་བའམ་ཡང་ན་རྒྱུན་གཏན་ན་བ་དང་རྒྱུན་གཏན་གྱི་བྱ་བ་གང་རུང་བྱེད་པའི་ནུས་པ་ཡོངས་སུ་ཤོར་བའམ་ཆ་ཤས་ཤིག་ཤོར་བའི་མི་ལ་ཟེར།

    དབང་པོ་སྐྱོན་ཅན་གྱི་ཁོངས་སུ་མིག་སྐྱོན་ཅན་དང་། རྣ་བའི་སྐྱོན་ཅན། ངག་གི་སྐྱོན་ཅན། རྐང་ལག་སྐྱོན་ཅན། རིག་སྟོབས་སྐྱོན་ཅན། སེམས་ནུས་སྐྱོན་ཅན། གནས་མང་སྐྱོན་ཅན། དེ་མིན་གྱི་སྐྱོན་ཅན་བཅས་ཚུད་ཡོད།

    དོན་ཚན་བཞི་པ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཁྱིམ་ཚང་གི་འཚོ་བ་སོགས་ཀྱི་ཐད་དབང་པོ་སྐྱོན་ཅན་ལ་སྤྱི་དམངས་གཞན་དང་འདྲ་མཉམ་གྱི་དབང་ཆ་སྤྱོད་རྒྱུ་ཡོད་པ་དང་། སྤྱི་ཚོགས་འགན་སྲུང་དང་། ལུས་གསོ། སློབ་གསོ། ལས་ཞུགས། རིག་གནས་འཚོ་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་ཕན་བདེའི་ཐོབ་ཐང་ཁྲིམས་བཞིན་ལོངས་སྤྱོད་བྱས་ཆོག

    རང་སྐྱོང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་ལ་བརྩི་འཇོག་དང་། གཅེས་སྐྱོང་། རོགས་སྐྱོར་བཅས་བྱ་རྒྱུ་དར་སྤེལ་གཏོང་བ་དང་སྐུལ་ལྕག་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་ཐུན་མོང་ཐོག་དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་འགན་སྲུང་བྱ་རྒྱུའི་འགན་འཁུར་དགོས།

    རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་དབང་པོ་སྐྱོན་ཅན་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། མི་སྤྱོད་མཁན་ཚན་པས་ངེས་པར་དུ་དབང་པོ་སྐྱོན་ཅན་གསོ་སྐྱོང་དང་། འདེམས་བསྐོ། བེད་སྤྱོད་བཅས་བྱེད་དགོས།

    ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོའི་འཐུས་མི་ཚོགས་ཆེན་ཁྲོད་དབང་པོ་སྐྱོན་ཅན་གྱི་ལས་བཟོའི་འཐུས་མིའི་བསྡུར་ཚད་དེ་ངེས་པར་དུ་ཚན་པ་དེ་གའི་དབང་པོ་སྐྱོན་ཅན་གྱི་ལས་བཟོས་བཟུང་བའི་བསྡུར་ཚད་དང་འཚམ་པ་དགོས།

    དོན་ཚན་ལྔ་པ། དམག་མི་དབང་པོ་སྐྱོན་ཅན་དང་། གཞུང་ལས་ཀྱིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་ཤོར་བའམ་དེ་མིན་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་དབང་པོ་སྐྱོན་ཤོར་བའི་མི་སྣ་བཅས་ལ་དམིགས་བསལ་གྱི་འགན་སྲུང་བྱས་ནས་འཆི་གོད་གྱོང་གསབ་དང་གཟིགས་སྐྱོང་བྱེད་དགོས།

    དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་གཞིར་བཟུང་སྲིད་འཛིན་ས་ཁོངས་དེ་གའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ལག་བསྟར་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོས་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དེ་དཔལ་འབྱོར་སྤྱི་ཚོགས་དང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དབང་པོ་སྐྱོན་ཅན་དུ་མི་ཤོར་སྔོན་འགོག་དང་། དབང་པོ་སྐྱོན་ཅན་གྱི་ལུས་གསོ། སློབ་གསོ། ངལ་རྩོལ་ལས་ཞུགས། ལས་རིགས་གསོ་སྦྱོང་། རིག་གནས་འཚོ་བ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་འགྲོ་གྲོན་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས་པ་མ་ཟད། རྒྱལ་དམངས་དཔལ་འབྱོར་གོང་འཕེལ་འགྲོ་བ་དང་ནོར་སྲིད་ཡོང་འབབ་འཕར་འགྲོ་བ་དང་བསྟུན་ནས་རིམ་བཞིན་མང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཐད་ཀྱི་འགྲོ་གྲོན་འགན་སྲུང་ལམ་སྲོལ་བརྟན་པོ་ཞིག་འཛུགས་དགོས།

    དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་ནས་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་བཞིན་དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་སྒྲིག་འཛུགས་དང་། མཐུན་སྦྱོར། མཛུབ་ཁྲིད། ལྟ་སྐུལ་བ་བཅས་ཀྱི་འགན་ཁུར་ནས་དབང་པོ་སྐྱོན་ཅན་ལས་དོན་ཁྲོད་ཀྱི་གལ་ཆེའི་གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་གཞིར་བཟུང་དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིམ་བཞིན་ལས་ཁུངས་ཁེར་རྐྱང་གི་དབང་པོ་སྐྱོན་ཅན་ལྷན་ཚོགས་འཛུགས་དགོས། ཤང(གྲོང་རྡལ)དང་། སྡེ་ཁུལ། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་། དབང་པོ་སྐྱོན་ཅན་ཅུང་མང་བའི་ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱིས་ངེས་པར་དུ་དེ་མཚུངས་མི་སྣ་གཏན་འཁེལ་བྱས་ནས་དབང་པོ་སྐྱོན་ཅན་ལས་དོན་སྒྲུབ་འགན་འཁུར་དགོས། རིམ་ཁག་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ཚོའི་ཐུན་མོང་ཁེ་ཕན་གྱི་འཐུས་ཚབ་བྱས་ནས་དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དབང་པོ་སྐྱོན་ཅན་ལ་མཐུན་སྒྲིལ་དང་སློབ་གསོ་རྒྱག་པ། དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས།

    རིམ་ཁག་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་ཡིག་བཅས་གཞིར་བཟུང་བའམ་ཡང་ན་སྲིད་གཞུང་གི་བཀའ་མངགས་དང་ལེན་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལས་དོན་སྤེལ་རྒྱུ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་དགོས།

    རིམ་ཁག་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་རིམ་པ་དེ་གའི་སྲིད་གཞུང་གི་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་གཏན་ལས་དོན་སྒྲུབ་འགན་འཁུར་དགོས།

    དོན་ཚན་དགུ་པ། རྒྱན་ཤོག་སྤྱི་ཕན་ཐེབས་རྩའི་རིམ་པ་དེ་གར་ཉར་བའི་ཆ་ཤས་ནས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཐད་བསྡུར་ཚད་ངེས་ཅན་ཞིག་ཆེད་མངག་སྤྱོད་དགོས། ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་ཐེབས་རྩའི་རིམ་པ་དེ་གར་ཉར་བའི་ཆ་ཤས་ནས་ལོ་ལྟར་ངེས་པར་དུ20%ལས་མི་ཉུང་བའི་མ་དངུལ་བཀོད་སྒྲིག་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་ཕན་བདེ་དང་དགེ་སྦྱོར་བྱ་གཞག་ཐོག་ཆེད་མངག་སྤྱོད་དགོས། ལུས་རྩལ་རྒྱན་ཤོག་གི་སྤྱི་ཕན་ཐེབས་རྩའི་རིམ་པ་དེ་གར་ཉར་བའི་ཆ་ཤས་ནས་ལོ་ལྟར་ངེས་པར་དུ་བསྡུར་ཚད་འོས་འཚམ་གྱི་མ་དངུལ་བཀོད་སྒྲིག་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་དུ་འཇོག་དགོས། ཆེད་སྤྱོད་མ་དངུལ་དེ་རང་སྐྱོང་ལྗོངས་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་རོགས་སྐྱོར་དང་གོང་འཕེལ་གཏོང་རྒྱུར་སྤྱོད་དགོས།

    དོན་ཚན་བཅུ་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་ཞལ་འདེབས་རྒྱག་རྒྱུ་དར་སྤེལ་དང་སྐུལ་ལྕག་བྱ་རྒྱུ་དང་། དབང་པོ་སྐྱོན་ཅན་གྱི་ཕན་བདེའི་ཐེབས་རྩ་ལྷན་ཚོགས་ནས་ཁྲིམས་བཞིན་ཞལ་འདེབས་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། ནོར་སྲིད་དང་རྩིས་བཤེར་སོགས་སྡེ་ཚན་གྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་བྱ་གཞག་གི་འགྲོ་གྲོན་དང་། རྒྱན་ཤོག་སྤྱི་ཕན་ཐེབས་རྩ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་ཐེབས་རྩ། སྤྱི་ཚོགས་ཐོག་ནས་ཞལ་འདེབས་བརྒྱབ་པ་སོགས་ཀྱི་མ་དངུལ་བེད་སྤྱོད་བྱས་ཚུལ་ཐད་ཁྲིམས་བཞིན་ལྟ་སྐུལ་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་ལག་ཁྱེར》ནི་དབང་པོ་སྐྱོན་ཅན་གྱི་རིགས་དབྱེ་དང་གདང་རིམ་གཏན་འཁེལ་བྱེད་པ་དང་། གཟིགས་སྐྱོང་སྲིད་ཇུས་དང་ཕན་བདེའི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་དཔང་ཡིག་ཅིག་ཡིན།

    སོ་སོའི་ཐེམ་ཐོ་ཡོད་ས་དང་ཡང་ན་རྒྱུན་སྡོད་བྱེད་སའི་རྫོང(གྲོང་ཁྱེར་དང་ཆུད)ཀྱི་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་དབང་སྐྱོན་དཔྱད་གདེང་གཏན་འཁེལ་བྱེད་པའི་སྒྲིག་འཛུགས་བྱ་རྒྱུ་མ་ཟད། རིན་མེད་ཐོག《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་ལག་ཁྱེར》སྤྲོད་དགོས།

    དབང་པོ་སྐྱོན་ཅན་གྱི་དབང་སྐྱོན་དཔྱད་གདེང་གཏན་འཁེལ་ལས་དོན་དེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་དང་རིམ་མཚུངས་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་དམིགས་གཏན་འཁེལ་བའི་སྨན་བཅོས་ལས་ཁུངས་ནས་འགན་འཁུར་དགོས།

    དབང་པོ་སྐྱོན་ཅན་དཔྱད་གདེང་གཏན་འཁེལ་བྱེད་འགན་འཁུར་མཁན་སྨན་བཅོས་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དབང་སྐྱོན་ཚད་གཞི་གཞིར་བཟུང་དབང་པོ་སྐྱོན་ཅན་དཔྱད་གདེང་གཏན་འཁེལ་བྱེད་དགོས་པ་མ་ཟད། འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་དང་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

    གལ་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་ལག་ཁྱེར》བོར་བརླག་སོང་ཚེ་ངེས་པར་དུ་དེ་སྔའི་ལག་ཁྱེར་གཉེར་སྒྲུབ་བྱེད་མཁན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས་པ་མ་ཟད་བསྐྱར་གསབ་བྱེད་དགོས།

    དོན་ཚན་བཅུ་གསུམ་པ། དབང་པོ་སྐྱོན་ཅན་གྱིས་ངེས་པར་དུ་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལ་བརྩི་སྲུང་ཞུ་བ་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སུང་སྐྱོང་བྱེད་པ། འཁུར་དགོས་ངེས་ཀྱི་འོས་འགན་སྒྲུབ་པ། སྤྱི་པའི་སྒྲིག་སྲོལ་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་ཞུ་བ་བཅས་བྱེད་དགོས།

    དབང་པོ་སྐྱོན་ཅན་གྱིས་ངེས་པར་དུ་སྤྲོ་སྣང་དང་ཡར་ཐོན་གྱི་བསམ་པ་དར་སྤེལ་བཏང་སྟེ་རང་གིས་རང་ལ་བརྩི་མཐོང་དང་། རང་གིས་རང་ལ་ཡིད་ཆེས། རང་སྟོབས་རང་འབད། རང་མགོ་རང་ཐོན་བཅས་ཐུབ་པ་བྱས་ཏེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བྱ་གཞག་ཁག་གོང་འཕེལ་ཡོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

    དོན་ཚན་བཅུ་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་དབང་པོ་སྐྱོན་ཅན་དང་། དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་བ། དབང་པོ་སྐྱོན་ཅན་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ནང་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

    དོན་ཚན་བཅོ་ལྔ་པ། ལོ་རེའི་ཟླ་5པའི་གཟའ་འཁོར་གསུམ་པ་དེ་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དྲིལ་བསྒྲགས་བྱེད་པའི་གཟའ་འཁོར་ཡིན།

    ལེའུ་གཉིས་པ། སྔོན་འགོག་དང་ལུས་གསོ།

    དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་སྔོན་འགོག་ལས་དོན་གྱི་འགོ་ཁྲིད་རྒྱུར་ཤུགས་བརྒྱབ་ནས་དབང་པོ་སྐྱོན་ཅན་སྔོན་འགོག་ལག་བསྟར་འཆར་འགོད་བཟོ་བ་དང་། སྡེ་ཁུལ་དང་ཞིང་འབྲོག་ཁུལ་གྱིས་རྨང་གཞི་བྱས་ཤིང་། རིམ་པ་དང་པོའི་སྔོན་འགོག་བྱ་རྒྱུ་གཙོ་གནད་དུ་བཟུང་བའི་རིམ་པ་གསུམ་གྱི་དབང་པོ་སྐྱོན་ཅན་གྱི་སྔོན་འགོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    རིམ་ཁག་དབང་པོ་སྐྱོན་ཅན་ལྷན་ཚོགས་དང་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་གནས་ཚུལ་ལྟ་དཔྱད་ཚད་ལེན་དྲ་བ་དང་དབང་པོ་སྐྱོན་ཅན་སྙན་ཞུའི་ལམ་ལུགས་བཙུགས་ཏེ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་དབང་པོ་སྐྱོན་ཅན་གྱི་གནས་ཚུལ་དུས་བཀག་ཐོག་བསྡོམས་རྩིས་བརྟག་དཔྱད་དང་དབྱེ་ཞིབ་བྱེད་དགོས་པ་དང་འབྲེལ་དུས་ཚོད་འཚམ་ངེས་སྐབས་སྤྱི་ཚོགས་ལ་བརྡ་ཁྱབ་གཏོང་དགོས།

    དོན་ཚན་བཅུ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་སྔོན་འགོག་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་དགོས་པ་དང་། དབང་པོ་སྐྱོན་ཅན་སྔོན་འགོག་གི་ལྟ་དཔྱད་ཚོད་འཛིན་དང་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག་དམངས་ཡོངས་ཀྱིས་སྔོན་འགོག་བྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ་དབང་པོར་སྐྱོན་ཤོར་ཚད་ཚོད་འཛིན་དང་ཉུང་དུ་གཏོང་དགོས་པ་སྟེ།

    (གཅིག)ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ཤེས་བྱ་ཁྱབ་གདལ་བཏང་སྟེ་སྦྲུམ་ཆགས་དང་ཕྲུ་གུ་སྐྱེ་བའི་དུས་ཀྱི་འཕྲོད་སྦྱོར་དང་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་ཡག་པོ་བྱས་ནས་ཕྲུ་གུ་སྐྱེ་དུས་དབང་སྐྱོན་དང་ལྷན་སྐྱེས་དབང་སྐྱོན་རིགས་ཐོན་ཚད་ཉུང་དུ་གཏོང་དགོས་པ་དང་།

    (གཉིས)ཕྲུ་གུ་དམར་འབྱར་གྱི་ནད་གཞི་འདེམས་བཤེར་དང་། ནད་དཔྱད། སྨན་བཅོས་བཅས་བྱས་ཐོག བྱིས་པའི་དབང་པོ་སྐྱོན་ཤོར་བ་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་བཅོས་བསྲང་བཅས་བྱེད་པའི་ལམ་ལུགས་འཛུགས་དགོས་པ།

    (གསུམ)རིམས་འགོག་སྨན་ཁབ་རྒྱག་པ་དང་། སྔོན་འགོག་སྨན་གཏོང་བ། ཏཱན་རྒྱུ་གསབ་པ། ཆུ་རྩ་བཟང་སྒྱུར་སོགས་ཀྱི་བྱ་ཐབས་ཧུར་ཐག་སྤྱད་དེ་ན་ཚའི་རྐྱེན་གྱིས་དབང་པོར་སྐྱོན་ཤོར་རིགས་ཉུང་དུ་འགྲོ་བ་བྱེད་དགོས་པ།

    (བཞི)ཁོར་ཡུག་སྲུང་སྐྱོབ་དང་། བདེ་འཇགས་ཐོན་སྐྱེད། ལས་རྨས་སྔོན་འགོག འགྲིམ་འགྲུལ་བདེ་འཇགས། དེ་བཞིན་གེགས་འགོག་དང་གནོད་འཚེ་ཆུང་དུ་གཏོང་བ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་དབང་པོར་སྐྱོན་མི་ཤོར་བ་ཚོད་འཛིན་བྱེད་དགོས་པ་བཅས་སོ།

    དོན་ཚན་བཅོ་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལུས་གསོའི་དགོས་མཁོར་གཞིགས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་དབང་པོ་སྐྱོན་ཅན་གྱི་ལུས་གསོའི་ལྟེ་གནས་འཛུགས་དགོས། རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་བཅོས་ལས་ཁུངས་ཀྱིས་ངེས་པར་དུ་སེམས་ཁམས་ནད་ཀྱི་སྨན་བཅོས་ཚན་ཁག་འཛུགས་དགོས། རིམ་པ་གསུམ་པ་ཡན་གྱི་ཕྱོགས་བསྡུས་སྨན་བཅོས་ལས་ཁུངས་ཀྱིས་ངེས་པར་དུ་ལུས་གསོའི་ཚན་ཁག་འཛུགས་དགོས། དབང་པོ་སྐྱོན་ཅན་གྱི་ལུས་གསོ་སྨན་བཅོས་དེ་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནང་དོན་ཁོངས་སུ་བཅུག་སྟེ་དབང་པོ་སྐྱོན་ཅན་ལ་ལུས་གསོའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས།

    དོན་ཚན་བཅུ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལུས་གསོའི་བྱ་གཞག་ཐད་གཏོང་ཆ་སྔར་བས་མང་དུ་བཏང་ནས་ས་གནས་དང་གྲོང་ཁྱེར་གཅིག་གྱུར་འཆར་འགོད་ཚན་པར་བྱས་ཏེ་ཁེབས་ཁོངས་མི་འབོར་གྱི་མི་རེར་ལོ་རེར་སྒོར་གཅིག་ལས་མི་ཉུང་བའི་ཚད་གཞི་ལྟར་གཏོང་ཆའི་འགྲོ་གྲོན་དོན་འཁྱོལ་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལུས་གསོའི་ཞབས་ཞུའི་ཐད་སྤྱོད་དགོས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བ་དང་བསྟུན་ནས་རིམ་པས་མཐོ་རུ་གཏོང་དགོས།

    དོན་ཚན་ཉི་ཤུ་པ། དམངས་སྲིད་དང་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་དང་། དེ་བཞིན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཞུའི་ལས་ཁུངས་དང་། སྨན་བཅོས་སྔོན་འགོག་འཕྲོད་སྦྱོར་ལས་ཁུངས། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་། དེ་བཞིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་བཅས་སྒྲིག་འཛུགས་དང་དེ་དག་ལ་མཛུབ་ཁྲིད་བྱས་ནས་སྡེ་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ལུས་གསོའི་ལས་དོན་སྤེལ་དགོས།

    རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་ལུས་གསོ་བྱ་རྒྱུར་རོགས་རམ་དང་མཛུབ་ཁྲིད་ཧུར་ཐག་བྱེད་དགོས།

    སྲིད་གཞུང་དང་སྤྱི་ཚོགས་ཀྱིས་ངེས་པར་དུ་བྱ་ཐབས་སྣ་མང་སྤྱད་དེ་ལུས་གསོའི་ལས་ཀ་བྱེད་མཁན་མི་སྣ་དང་དང་བླངས་པར་ལག་རྩལ་གྱི་སྦྱོང་བརྡར་སྤྲོས་དགོས་པ་དང་། དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་གྱི་ནང་མི་སྤུན་མཆེད་ལ་ལུས་གསོའི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ལུས་གསོ་བྱེད་ཐབས་བརྒྱུད་སྤེལ་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་དབུལ་ཕོངས་དབང་པོ་སྐྱོན་ཅན་ལ་སྐྱ་གྲིབ་འབྱེད་པ་དང་། སེམས་ཁམས་ནད་ཚབས་ཆེན་ཕོག་མཁན་ལ་སྨན་སྤྲོད་པ། འོན་པར་ཉན་ཆས་ཚད་མཐུན་སྒྲིག་སྦྱོར་བྱེད་པ། དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་མཐུན་འཕྲོད་སྒྲིག་སྦྱོར་བྱེད་པ། ལུས་གསོའི་སྦྱོང་བརྡར་སྤྲོས་པ་སོགས་དབང་པོ་སྐྱོན་ཅན་ལ། དམིགས་བསལ་མཁོ་བའི་གཞི་རྩའི་སྨན་བཅོས་ལུས་གསོའི་རྣམ་གྲངས་རིགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་འགན་བཅོལ་གསར་པའི་ཁྱབ་ཁོངས་ནང་འཇུག་དགོས་པ་དང་། ངེས་པར་དུ་གཏན་འབེབས་དང་མཐུན་པའི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་སྨན་བཅོས་ལུས་གསོའི་རྣམ་གྲངས་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། གྲོང་ཁྱེར་་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། དེ་བཞིན་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་འགན་བཅོལ་གསར་པ་བཅས་ཀྱི་ཁྱབ་ཁོངས་སུ་རིམ་པས་བཅུག་ནས་དབང་པོ་སྐྱོན་ཅན་གྱི་སྨན་བཅོས་ལུས་གསོའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་དྲུག་མན་གྱི་བྱིས་པ་དབང་པོ་སྐྱོན་ཅན་ལ་དམིགས་བསལ་གྱིས་སྔོན་ལ་མྱུར་སྐྱོབ་རང་བཞིན་གྱི་ལུས་གསོའི་ལས་དོན་སྤེལ་ནས་རིམ་པས་རིན་མེད་ལུས་གསོ་ཐུབ་པ་བྱེད་དགོས།

    ལེའུ་གསུམ་པ། སློབ་གསོ།

    དོན་ཚན་ཉེར་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་སློབ་གསོ་དེ་རྒྱལ་དམངས་ཀྱི་སློབ་གསོ་གོང་འཕེལ་གཏོང་བའི་སྤྱིའི་འཆར་འགོད་ནང་བཅུག་ཐོག དབང་པོ་སྐྱོན་ཅན་གྱི་དམིགས་བསལ་སློབ་གསོའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དབང་པོ་སྐྱོན་ཅན་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་གཏོང་ཆ་མང་དུ་གཏོང་བ། སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དབང་པོ་སྐྱོན་ཅན་ལ་འདྲ་མཉམ་གྱི་སློབ་གསོ་ཐོབ་རྒྱུའི་དབང་ཆ་སྤྲོད་དགོས།

    དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་ལ་སློབ་ཞུགས་གོང་གི་སློབ་གསོ་སྤེལ་བ་དང་། དབང་པོ་སྐྱོན་ཅན་གྱི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བ། དབང་པོ་སྐྱོན་ཅན་གྱི་མཐོ་རིམ་སློབ་གསོ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    དོན་ཚན་ཉེར་བཞི་པ། སློབ་ཞུགས་ཀྱི་ཆ་རྐྱེན་འཛོམས་པ་མ་ཟད། སྤྱིར་བཏང་གི་སློབ་གསོ་དང་ལེན་བྱེད་ནུས་ཡོད་པའི་དབང་པོ་སྐྱོན་ཅན་རིགས་སློབ་གྲྭ་དཀྱུས་མའི་ནང་བསྡུ་འཇུག་བྱེད་དགོས་པ་དང་། སྤྱིར་བཏང་གི་སློབ་གསོ་དང་ལེན་བྱེད་ནུས་མེད་པའི་དབང་པོ་སྐྱོན་ཅན་རིགས་དབང་པོ་སྐྱོན་ཅན་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའམ་ཡང་ན་སློབ་གྲྭ་དཀྱུས་མའི་ཞོར་བཙུགས་ཀྱི་དབང་པོ་སྐྱོན་ཅན་གྱི་དམིགས་བསལ་སློབ་གསོའི་འཛིན་གྲྭའི་ནང་བསྡུ་འཇུག་བྱེད་དགོས།

    ལྗོངས་ནང་ཁོངས་ཀྱི་སློབ་ཆེན་སློབ་གླིང་ཁག་གིས་སློབ་མ་བསྡུ་སྐབས་དང་སློབ་ཞུགས་བྱེད་སྐབས་སློབ་མ་དབང་པོ་སྐྱོན་ཅན་ལ་མཐོང་ཆུང་བྱེད་མི་ཆོག

    སློབ་མ་དབང་པོ་སྐྱོན་ཅན་གྱིས་སློབ་གསོ་དང་ལེན་ཞུ་བར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དམིགས་བསལ་སྲིད་ཇུས་སྤྱོད་དབང་ཡོད།

    དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་སློབ་གསོའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ས་གནས་དེ་གའི་བྱིས་པ་དབང་པོ་སྐྱོན་ཅན་དང་། ལོ་ཆུང་གི་གྲངས་འབོར། ཁྱབ་ཚུལ། དབང་པོ་སྐྱོན་ཅན་གྱི་རིགས་སོགས་རྒྱུ་རྐྱེན་ལ་གཞིགས་ནས་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་། སློབ་གྲྭ་དཀྱུས་མའི་ཞོར་བཙུགས་དམིགས་བསལ་སློབ་གསོའི་འཛིན་གྲྭ། དེ་བཞིན་མཉམ་ལས་སློབ་གྲྭ་བཅས་འཛུགས་པ་དང་། མངག་བཅོལ་གསོ་སྐྱོང་སོགས་ཀྱི་རྣམ་པར་བརྟེན་ཏེ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ན་ཚོད་ལོན་པའི་བྱིས་པ་དང་གཞོན་ནུ་དབང་པོ་སྐྱོན་ཅན་སློབ་གྲྭར་ཞུགས་ཐུབ་པ་བྱེད་དགོས།

    སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སློབ་གྲྭ་གཉེར་བ་དང་སློབ་སྐྱོར་རོགས་དངུལ་ཞལ་འདེབས་འབུལ་བ་བརྒྱུད་ནས་དབང་པོ་སྐྱོན་ཅན་གྱི་དམིགས་བསལ་སློབ་གསོར་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་དམངས་གཉེར་དབང་པོ་སྐྱོན་ཅན་གྱི་དམིགས་བསལ་སློབ་གསོའི་ཚན་པར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚབས་ཆེའི་རྐང་ལག་སྐྱོན་ཅན་དང་། ཚབས་ཆེའི་རིག་སྟོབས་སྐྱོན་ཅན། ཀླད་སྐྲན། བློ་སྦུག་དོག་པའི་ནད་སོགས་ཕོག་པའི་བྱིས་པ་དང་གཞོན་ནུ་དབང་པོ་སྐྱོན་ཅན་ལ་སློབ་གསོ་དང་ལེན་ཞུ་བའི་ཆ་རྐྱེན་བསྐྲུན་ཏེ་ཁོང་ཚོར་འོས་འགན་སློབ་གསོ་དང་ལེན་བྱེད་པའི་རོགས་རམ་བྱེད་དགོས།

    དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་ཀྱིས་མཐོ་རིམ་སློབ་གྲྭ་དཀྱུས་མར་དམིགས་བསལ་སློབ་གསོའི་ཆེད་ལས་དང་དམིགས་བསལ་སློབ་གསོའི་སློབ་ཚན་འཛུགས་རྒྱུའི་སྐུལ་མ་དང་རྒྱབ་སྐྱོར་བྱ་རྒྱུ་དང་། དམིགས་བསལ་སློབ་གསོའི་དགེ་འོས་གསོ་སྐྱོང་དང་སྦྱོང་བརྡར་སྤྲས་ནས་དམིགས་བསལ་སློབ་གསོའི་དགེ་རྒན་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་དགོས།

    དམིགས་བསལ་སློབ་གསོའི་དགེ་རྒན་གསོ་སྐྱོང་བྱ་རྒྱུ་དེ་དགེ་འོས་སློབ་མའི་སློབ་ཡོན་མི་དགོས་པའི་སློབ་གསོ་དང་ལེན་ཞུ་བའི་འཆར་གཞིའི་ནང་འཇུག་དགོས།

    དོན་ཚན་ཉེར་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལས་རིགས་སློབ་གསོའི་འགྲོ་གྲོན་སྔོན་རྩིས་ནང་དབང་པོ་སྐྱོན་ཅན་གྱི་དམིགས་བསལ་སློབ་གསོའི་ལས་རིགས་སློབ་ཁྲིད་ཀྱི་ཆེད་དམིགས་འགྲོ་གྲོན་བཀོད་སྒྲིག་བྱེད་དགོས།

    དོན་ཚན་ཉེར་བརྒྱད་པ། རིམ་ཁག་དང་རིགས་ཁག་གི་ལས་རིགས་ལག་རྩལ་སློབ་གྲྭ་དང་ལས་རིགས་སྦྱོང་བརྡར་ལས་ཁུངས་ཀྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་སྦྱོང་བརྡར་རྣམ་པ་སྣ་ཚོགས་སྤེལ་ནས་ཁོང་ཚོའི་ལས་ཞུགས་དང་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས།

    དོན་ཚན་ཉེར་དགུ་པ། དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་དང་། འོན་པར་སྐད་ཡིག་སྦྱོང་བརྡར་སྤྲོས་མཁན་ཚན་པའི་དགེ་རྒན། དབང་སྐྱོན་འདྲེས་ཞུགས་འཛིན་གྲྭའི་དགེ་རྒན། ལག་བརྡའི་ལོ་ཙཱ་བ། ཐད་ཀར་དབང་པོ་སྐྱོན་ཅན་ལ་ལས་རིགས་སྦྱོང་བརྡར་སྤྲོས་མཁན་དང་། ལས་རིགས་ཁྲིད་སྟོན་པ། ལས་རིགས་ཞབས་འདེགས་ཞུ་མཁན་བཅས་ཀྱི་མི་སྣ་ཡིན་ཕྱིན་དམིགས་བསལ་སློབ་གསོའི་ཕོགས་སྣོན་ལེན་རྒྱུའི་ཐོབ་ཐང་ཡོད། དམིགས་བསལ་སློབ་གསོའི་ཕོགས་སྣོན་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྤྲོད་དགོས།

    དམིགས་བསལ་སློབ་གསོའི་ཕོགས་སྣོན་ལེན་མཁན་དམིགས་བསལ་སློབ་གསོའི་ལས་གནས་ནས་རྒན་ཡོལ་ཞུས་ཚེ། དེའི་དམིགས་བསལ་སློབ་གསོའི་ཕོགས་སྣོན་དེ་རྒན་ཡོལ་གླ་ཕོགས་ནང་བཅུག་ནས་གཞི་གྲངས་ལྟར་སྤྲོད་དགོས།

    དོན་ཚན་སུམ་ཅུ་པ། དབང་པོ་སྐྱོན་ཅན་ལྷན་ཚོགས་དང་། རིག་གནས། སློབ་གསོ་སོགས་སྡེ་ཚན་དང་ཚོགས་པས་ངེས་པར་དུ་དམིགས་བསལ་སློབ་གསོའི་ལས་དོན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་ཡིག་ལོང་ཡིག་དང་བོད་སྐད་ལག་བརྡའི་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ཁྱབ་སྤེལ་ལས་དོན་ཡག་པོ་བསྒྲུབས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་དམིགས་བསལ་སློབ་གསོའི་སློབ་དེབ་རྩོམ་སྒྲིག་དང་པར་སྐྲུན་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་སོ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་། འབྲེལ་ཡོད་སྡེ་ཚན། དབང་པོ་སྐྱོན་ཅན་ཡོད་སའི་ཚན་པ་བཅས་ཀྱིས་ངེས་པར་དུ་ཐབས་ལམ་སྣ་ཚོགས་དང་བང་རིམ་སྣ་ཚོགས་ཡོད་པའི་སྒོ་ནས་ཁ་ཐོར་དང་གཅིག་སྡུད་དང་། ཡུན་རིང་དང་དུས་ཐུང་སོགས་ཀྱི་བྱེད་སྟངས་སྤྱད་དེ་དབང་པོ་སྐྱོན་ཅན་ལ་ཡིག་རྨོངས་སེལ་བའི་སློབ་གསོ་དང་སྦྱོང་བརྡར་སྤྲས་ནས་དབང་པོ་སྐྱོན་ཅན་གྱིས་རང་སྦྱོང་ལ་བརྟེན་ཏེ་ཤེས་ལྡན་པར་འགྱུར་བར་སྐུལ་མ་གཏོང་དགོས།

    དོན་ཚན་སོ་གཉིས་པ། རིམ་ཁག་སློབ་གསོའི་ཚན་པས་དམིགས་བསལ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སློབ་མར་སློབ་ཁུལ་གྱི་ཚད་བཀག་མི་བཟོ་བ་དང་སློབ་ཞུགས་ལོ་ཚད་ལྷུག་ཏུ་འོས་འཚམ་བཏང་ཆོག

    ལེའུ་བཞི་པ། ངལ་རྩོལ་ལས་ཞུགས།

    དོན་ཚན་སོ་གསུམ་པ། རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དམངས་གཉེར་སྒོས་ཁེ་ལས་མིན་པའི་ཚན་པ་སོགས་མི་སྤྱོད་མཁན་ཚན་པས་ངེས་པར་དུ་ཚན་པ་དེ་གའི་ལས་ཐོག་ལས་བཟོ་བའི་སྤྱིའི་མི་གྲངས་ཀྱི་1.5%ཡི་བསྡུར་ཚད་ལས་མི་ཉུང་བའི་དབང་པོ་སྐྱོན་ཅན་ལས་ཀར་འཇུག་དགོས་ཤིང་། གཏན་འབེབས་ཀྱི་བསྡུར་ཚད་ཟིན་མེད་པའི་མི་སྤྱོད་མཁན་ཚན་པས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་དངུལ་འཇལ་སྤྲོད་བྱེད་དགོས། དབང་པོ་སྐྱོན་ཅན་ལས་ཀར་བཅུག་ཚད་དེ་གཏན་འབེབས་ཀྱི་བསྡུར་ཚད་ལས་བརྒལ་བའི་ཚན་པར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནས་གཏན་འབེབས་གཞིར་བཟུང་བྱ་དགའ་སྤྲོད་དགོས།

    དབང་པོ་སྐྱོན་ཅན་ལས་ཞུགས་འགན་སྲུང་མ་དངུལ་གྱི་བསྡུ་ལེན་དང་། འཇལ་སྤྲོད། བེད་སྤྱོད། དོ་དམ་བཅས་བྱེད་ཕྱོགས་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་ལག་བསྟར་བྱེད་དགོས།

    དོན་ཚན་སོ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་སྤྱད་དེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་འཚམ་པའི་ལས་གནས་གསར་སྤེལ་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཐད་སྤྱོད་དགོས།

    སྲིད་གཞུང་ནས་མ་འཇོག་གམ་ཡང་ན་རྒྱབ་སྐྱོར་གསར་སྤེལ་བྱས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་རིགས་ལ་ངེས་པར་དུ་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཆ་རྐྱེན་འཛོམས་པའི་ལས་ཞུགས་བྱེད་འདོད་ཡོད་པའི་དབང་པོ་སྐྱོན་ཅན་སྔོན་ལ་ལས་ཞུགས་བྱ་རྒྱུར་བཀོད་སྒྲིག་བྱེད་དགོས།

    དོན་ཚན་སོ་ལྔ་པ། མི་སྤྱོད་ཚན་པས་དབང་པོ་སྐྱོན་ཅན་བསྡུ་འཇུག་བྱེད་སྐབས་ངེས་པར་དུ་ཁྲིམས་བཞིན་དེ་དང་ངལ་ནུས་བཀོད་སྤྱོད་གན་རྒྱ་འཇོག་དགོས་པ་དང་། དེའི་གཟུགས་གཞིའི་གནས་ཚུལ་དང་འཚམ་པའི་ངལ་རྩོལ་ཆ་རྐྱེན་སྤྲོད་པ་དང་ངལ་རྩོལ་སྲུང་སྐྱོང་བྱེད་དགོས་ཤིང་། ངལ་ནུས་བཀོལ་སྤྱོད་དང་། རིམ་འཕར་གནས་སྤོར། ལས་ཐོག་སྦྱོང་བརྡར། གོ་མིང་དཔྱད་འབེབས། ངལ་རྩོལ་ཐོབ་ཆ། སྤྱི་ཚོགས་འགན་བཅོལ། ཕན་བདེའི་ཐོབ་ཆ་སོགས་ཀྱི་ཐད་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལས་བཟོ་དང་ཚན་པ་དེ་གའི་ལས་བཟོ་གཞན་དག་གཅིག་མཚུངས་བྱེད་དགོས།

    མི་སྤྱོད་ཚན་པས་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ལ་གཞིགས་ནས་མི་སྣ་ཉུང་འཕྲི་བྱེད་སྐབས་ངེས་པར་དུ་སྔོན་ལ་དབང་པོ་སྐྱོན་ཅན་གྱི་ལས་བཟོ་དང་དེའི་ནང་མི་ཉར་སྤྱོད་བྱེད་དགོས། དབང་པོ་སྐྱོན་ཅན་གྱི་ལས་བཟོ་ཉུང་འཕྲི་བྱེད་སྐབས་ངེས་པར་དུ་ས་གནས་དེ་གའི་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ལས་ཁུངས་ལ་སྙན་སེང་ཞུ་དགོས།

    དོན་ཚན་སོ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་དབང་སྐྱོན་ལྷན་ཚོགས་ཀྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལམ་ལུགས་དང་ལས་རིགས་རྩལ་ནུས་སྦྱོང་བརྡར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་རིན་མི་དགོས་པར་དབང་པོ་སྐྱོན་ཅན་ལ་སྲིད་ཇུས་དང་བཅའ་ཁྲིམས་བློ་འདོན་དང་། ལས་རིགས་ཀྱི་དགོས་མཁོའི་ཆ་འཕྲིན། ལས་རིགས་མཛུབ་ཁྲིད། ལས་རིགས་ངོ་སྤྲོད། ལས་ཤོར་དང་ལས་ཞུགས་ཐོ་འགོད་སོགས་ཀྱི་ལས་ཞུགས་ཞབས་འདེགས་ཞུ་དགོས།

    ལས་རིགས་སྦྱོང་བརྡར་སྤྲོས་མཁན་ལས་ཁུངས་དང་ལས་རིགས་རྩལ་ནུས་གསལ་འབྱེད་ལས་ཁུངས་ཀྱིས་དབང་པོ་སྐྱོན་ཅན་ལ་ལས་རིགས་སྦྱོང་བརྡར་དང་ལས་རིགས་ཐོབ་ཐང་གི་གསལ་འབྱེད་རིན་མི་དགོས་པར་བྱས་པར་ངེས་པར་དུ་གཏན་འབེབས་གཞིར་བཟུང་ཁ་གསབ་དངུལ་སྤྲོད་དགོས།

    དོན་ཚན་སོ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཐོག་ནས་དབང་པོ་སྐྱོན་ཅན་གཅིག་སྡུད་ལས་ཞུགས་བཀོད་སྒྲིག་བྱེད་སའི་རྟེན་གཞི་དང་། ཕན་བདེའི་ཁེ་ལས། ལོང་བའི་འཕུར་མཉེད་སྒྲིག་གཞི། བཟོ(ཞིང)སྨན་བཅོས་སྒྲིག་གཞི། ཞོར་སྐྱོར་རང་བཞིན་གྱི་ལས་ཀ་བྱ་ཡུལ། དབང་པོ་སྐྱོན་ཅན་གསོ་བཅོལ་སྒྲིག་གཞི། དེ་བཞིན་དབང་པོ་སྐྱོན་ཅན་གཅིག་སྡུད་ལས་ཞུགས་བཀོད་སྒྲིག་བྱེད་སའི་ཕན་བདེའི་རང་བཞིན་གྱི་ཚན་པ་བཅས་འཛུགས་གཉེར་བྱ་རྒྱུར་སྐུལ་ལྕག་དང་རོགས་སྐྱོར་བྱེད་དགོས་པ་མ་ཟད། དེར་འབྲེལ་ཡོད་ཀྱི་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཐོན་སྐྱེད་དང་། གཉེར་སྐྱོང་། ལག་རྩལ། མ་དངུལ་སོགས་ཀྱི་ཐད་ནས་རོགས་རམ་བྱེད་དགོས།

    དོན་ཚན་སོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་མ་དངུལ་གྱི་རོགས་སྐྱོར་དང་། དངུལ་བུན་སྐྱེད་སྦྱར། གཉེར་སྐྱོང་བྱ་ཡུལ་ལ་རོགས་སྐྱོར། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ། ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱིས་རང་བརྟེན་གསར་གཏོད་བྱ་རྒྱུར་སྐུལ་ལྕག་དང་རོགས་སྐྱོར་བྱེད་དགོས།

    དོན་ཚན་སོ་དགུ་པ། དབང་པོ་སྐྱོན་ཅན་གྱི་ལས་བཟོ་དང་མི་སྤྱོད་ཚན་པའི་དབར་ངལ་རྩོལ་ཐད་ཀྱི་རྩོད་གླེང་ཐོན་སྐབས་ས་གནས་དེ་གའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ངེས་པར་དུ་བཅའ་ཁྲིམས་ཐད་ཀྱི་ཞབས་འདེཌ་ཞུ་དགོས་པ་དང་རིམ་ཁག་དབང་པོ་སྐྱོན་ཅན་ལྷན་ཚོཌ་ཀྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་ལས་བཟོའི་དགོས་མཁོ་ལྟར་རིན་མི་དགོས་པར་རོགས་རམ་དང་ཞབས་འདེགས་ཞུ་དགོས།

    དོན་ཚན་བཞི་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ལས་ཀར་བསྡུས་པའི་དབང་པོ་སྐྱོན་ཅན་གྱི་གྲངས་ཚད་དེ་གཏན་འབེབས་ཀྱི་བསྡུར་ཚད་ལས་བརྒལ་བའམ་ཡང་ན་གཅིག་སྡུད་དུ་དབང་པོ་སྐྱོན་ཅན་ལས་ཀར་བསྡུ་མཁན་ཚན་པར་ཁྲིམས་ལུགས་གཞིར་བཟུང་ཁྲལ་བསྡུའི་གཟིགས་སྐྱོང་བྱེད་དགོས།

    སྲིད་གཞུང་གིས་ཉོ་སྒྲུབ་བྱེད་སྐབས་ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ཕན་བདེའི་རང་བཞིན་ཚན་པའི་ཐོན་རྫས་སམ་ཞབས་ཞུ་ཉོ་སྒྲུབ་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་དང་མི་སྒེར་ནས་དབང་པོ་སྐྱོན་ཅན་གྱི་ཕན་བདེའི་རང་བཞིན་ཚན་པའི་ཐོན་རྫས་སམ་ཞབས་ཞུ་ཉོ་སྒྲུབ་བྱ་རྒྱུར་སྐུལ་ལྕག་གཏོང་དགོས།

    དོན་ཚན་ཞེ་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གི་དབང་པོ་སྐྱོན་ཅན་ངལ་རྩོལ་ལས་ཞུགས་ཞབས་ཞུའི་ལས་ཁུངས་དང་། སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་ཁུངས་སམ་དམིགས་འཛུགས་ལས་ཁུངས་བཅས་ཀྱིས་སོ་སོའི་འགན་འཁྲི་གཞིར་བཟུང་དབང་པོ་སྐྱོན་ཅན་གྱི་ཐོབ་ཐང་ལ་བརྟག་དཔྱད་དང་། ལས་ཞུགས་ཐོ་འགོད། ལས་ཤོར་ཐོ་འགོད། ནུས་པར་ཚོད་སྐོར། ལས་རིགས་སྦྱོང་བརྡར། ལས་ཞུགས་ངོ་སྤྲོད་སོགས་ཀྱི་ལས་དོན་ལ་འགན་འཁུར་དགོས།

    ལེའུ་ལྔ་པ། རིག་གནས་འཚོ་བ།

    དོན་ཚན་ཞེ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་རིགས་འདྲ་མིན་གྱི་རིག་རྩལ་དང་། ལུས་རྩལ། རོལ་རྩེད་བཅས་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་རོགས་རམ་བྱེད་དགོས་པ་མ་ཟད། ཆ་རྐྱེན་བཏོད་དེ་ཁོང་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་ཡང་བྱེད་དགོས།

    དོན་ཚན་ཞེ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འཆར་གཞི་ཡོད་པའི་སྒོ་ནས་དབང་པོ་སྐྱོན་ཅན་གྱི་བྱེད་སྒོ་དང་འཚམ་པའི་རིག་གནས་དང་། ལུས་རྩལ། རོལ་རྩེད་སོགས་སྤེལ་ཡུལ་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱེད་དགོས་པ་དང་། རྫོང་རིམ་ཡན་གྱི་རིགས་འདྲ་མིན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་དང་ལུས་རྩལ་རྩེད་ཡུལ་དུ་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་བྱེད་སྒོར་འཚམ་པའི་སྒྲིག་བཀོད་བཟོ་སྒྲིག་བྱེད་དགོས།

    དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་རིག་གནས་དང་ལུས་རྩལ་བྱེད་སྒོའི་ནང་དབང་པོ་སྐྱོན་ཅན་ཞུགས་སྐབས། དེ་གནས་ཡུལ་གྱི་ཚན་པས་ངེས་པར་དུ་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས། གཅིག་སྡུད་སྦྱོང་བརྡར་དང་། འཁྲབ་སྟོན། འགྲན་བསྡུར། སྤེལ་རེས་བཅས་ཀྱི་ནང་ཞུགས་རིང་། སློབ་མ་དེ་གནས་ཡུལ་གྱི་སློབ་གྲྭས་ངེས་པར་དུ་དེར་སྟབས་བདེ་སྤྲོད་དགོས་པ་དང་ལས་བཟོ་གནས་ཡུལ་གྱི་ཚན་པས་དེའི་གླ་ཕོགས་དང་ཕན་བདེའི་ཐོབ་ཐང་འཐེན་འཕྲི་བྱེད་མི་ཆོག གཏན་འཇགས་ཀྱི་ཡོང་འབབ་མེད་པའི་དབང་པོ་སྐྱོན་ཅན་ལ་བྱེད་སྒོ་སྒྲིག་འཛུཌ་བྱེད་མཁན་གྱིས་ཁ་གསབ་རོགས་དངུལ་སྤྲོད་དགོས།

    དབང་པོ་སྐྱོན་ཅན་གཅིག་སྡུད་སྦྱོང་བརྡར་དང་། འཁྲབ་སྟོན། འགྲན་བསྡུར། སྤེལ་རེས་བཅས་ཀྱི་ནང་ཞུགས་རིང་། སྒྲིག་འཛུགས་བྱེད་མཁན་གྱིས་ངེས་པར་དུ་དེར་གློ་བུར་རྨས་སྐྱོན་འགན་བཅོལ་གྱི་འགྲོ་ལུགས་གཉེར་རོགས་བྱེད་དགོས།

    དོན་ཚན་ཞེ་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་མང་ཚོགས་རང་བཞིན་ལྡན་པའི་ལུས་རྩལ་ལུས་སྦྱོང་བྱེད་སྒོ་སྤེལ་རྒྱུར་སྐུལ་ལྕག་གཏོང་དགོས་པ་དང་། དབང་པོ་སྐྱོན་ཅན་གྱི་མང་ཚོགས་རང་བཞིན་ལྡན་པའི་ལུས་རྩལ་ལུས་སྦྱོང་རྣམ་གྲངས་ཁྱབ་གདལ་གཏོང་རྒྱུར་ཞིབ་འཇུག་བྱས་ནས་དབང་པོ་སྐྱོན་ཅན་གྱི་གཟུགས་གཞི་ཐང་དུ་གཏོང་ཐུབ་པ་བྱེད་དགོས།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལུས་རྩལ་ལུས་སྦྱོང་བྱེད་སྒོ་སྤེལ་ཡུལ་དུ་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ལུས་སེམས་ཁྱད་ཆོས་དང་འཚམ་པའི་ལུས་སྦྱོང་བདེ་ཐང་གི་ཡོ་ཆས་སྒྲིག་དགོས།

    དོན་ཚན་ཞེ་དྲུག་པ། རིག་གནས་དང་། རླུང་འཕྲིན། གློག་བརྙན། བརྙན་འཕྲིན། གསར་འགྱུར་དཔེ་སྐྲུན་སོགས་འབྲེལ་ཡོད་སྡེ་ཆེན་དང་ཚན་པས་ངེས་པར་དུ་རླུང་འཕྲིན་དང་། དུས་དེབ། གློག་བརྙན་བརྙན་འཕྲིན། དྲ་བ་སོགས་ཀྱི་རྣམ་པའི་ཐོག་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དང་། དབང་པོ་སྐྱོན་ཅན་གྱི་ཞུམ་མེད་རང་སྟོབས་ལྡན་པའི་མིག་དཔེ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱས་པའི་སྔོན་ཐོན་བྱས་རྗེས་བཅས་དྲིལ་བསྒྲགས་བྱེད་དགོས་པ་དང་། དེ་བཞིན་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཕན་བརྡ་ཁྱབ་གཏོང་སྤེལ་བྱེད་དགོས།

    དོན་ཚན་ཞེ་བདུན་པ། རིག་གནས་དང་ཚན་རྩལ་སྡེ་ཚན་གྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་ནས་རྩོམ་རིག་དང་། སྒྱུ་རྩལ། ཚན་རིག་ལག་རྩལ་སོགས་ཀྱི་ཐད་གསར་གཏོད་རང་བཞིན་གྱི་ངལ་རྩོལ་བྱ་རྒྱུར་སྐུལ་ལྕག་དང་རོགས་རམ་བྱེད་དགོས།

    ལེའུ་དྲུག་པ། སྤྱི་ཚོགས་ཀྱི་ཕན་བདེ་དང་སྤྱི་ཚོགས་ཀྱི་འགན་སྲུང་།

    དོན་ཚན་ཞེ་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་ཀྱི་འགན་སྲུང་ལམ་ལུགས་ཁག་གསར་འཛུགས་དང་འཐུས་སྒོ་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་འཚོ་བ་ལེགས་སུ་ཟམ་མི་ཆད་པར་གཏོང་དགོས།

    དོན་ཚན་ཞེ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་དམིཌ་བསལ་དཀའ་ངལ་དང་དགོས་མཁོ་ལྟར་གཤམ་གསལ་བྱ་ཐབས་སྤྱད་ནས་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས་པ་སྟེ།

    (གཅིག)གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཆ་རྐྱེན་ལོན་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་རིགས་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་སུ་བཅུག་ནས་འགན་སྲུང་བྱེད་དགོས་པའི་རིགས་ཆ་ཚང་ལ་འགན་སྲུང་བྱེད་དགོས།

    (གཉིས)ཞིང་པའི་ཐེམ་ཁོངས་སུ་མ་གཏོགས་པའི་ངལ་རྩོལ་གྱི་ནུས་པ་མེད་པ་དང་། གསོ་སྐྱོང་བྱེད་མཁན་མེད་པའམ་ཡང་ན་གསོ་སྐྱོང་བྱེད་མཁན་ཡོད་ཀྱང་གསོ་སྐྱོང་གི་ནུས་པ་མེད་པ། འཚོ་བའི་ཡོང་ཁུངས་མེད་པ་བཅས་ཀྱི་དབང་པོ་སྐྱོན་ཅན་ལ་སྤྱི་ཚོགས་ཕན་བདེ་ཁང་ངམ་ཡང་ན་དམངས་སྲིད་སྡེ་ཚན་གྱིས་འཚོ་རྟེན་སྐྲུན་དགོས་པ་དང་། ཞིང་པའི་ཐེམ་ཁོངས་སུ་གཏོགས་པའི་རིགས་རྫོང་རིམ་པ་དང་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆ་དེ་གའི་འགན་ལེན་ལྔའི་ཁྱིམ་ཚང་གི་ཚད་གཞི་ལྟར་དེའི་གཞི་རྩའི་འཚོ་བ་བཀོད་སྒྲིག་བྱེད་དགོས།

    (གསུམ)མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་ནང་བཅུག་པའི་ཚབས་ཆེའི་དབང་པོ་སྐྱོན་ཅན་དང་། ཁྱིམ་ཚང་གཅིག་ལ་དབང་པོ་སྐྱོན་ཅན་མང་པོ་ཡོད་པ། རྒན་འཁོགས་དང་དབང་པོ་སྐྱོན་ཅན་གཉིས་ཀ་ཡིན་པ་བཅས་ཀྱི་ཁྱིམ་ཚང་ལ་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱས་ཆོག་པ་ཕུད་དམངས་སྲིད་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལྟར་དུས་བཀག་ནང་འཚོ་བའི་ཁ་གསབ་སྤྲོད་དགོས།

    (བཞི)འཚོ་བ་རང་རྐྱ་འཕེར་མི་ཐུབ་པའི་དབང་པོ་སྐྱོན་ཅན་དང་བློ་སེམས་སྐྱོན་ཅན། ཚབས་ཆེའི་དབང་པོ་སྐྱོན་ཅན་བཅས་ཀྱི་རིགས་རང་ཁྱིམ་དུ་ཉར་གསོ་བྱེད་པ་དང་ཉིན་མོར་ལྟ་རྟོག་བྱེད་པའམ་ཡང་ན་གཅིག་སྡུད་གསོ་ཉར་བྱས་ན་ཆོག་པ་དང་། དམངས་སྲིད་སྡེ་ཚན་གྱིས་གཏན་འབེབས་ལྟར་གསོ་ཉར་ཁ་གསབ་རོགས་དངུལ་སྤྲོད་དགོས།

    (ལྔ)དབུལ་ཕོངས་དབང་པོ་སྐྱོན་ཅན་དང་དེའི་ནང་མིར་སྨན་བཅོས་འགན་བཅོལ་གྱི་གཏན་འབེབས་ལྟར་སྨན་རིན་རྩིས་ཞུ་བྱས་ཆོག་པ་ཕུད་དམངས་སྲིད་སྡེ་ཚན་གྱིས་ངེས་པར་དུ་དེར་རོགས་སྐྱོབ་བྱེད་དགོས།

    (དྲུག)ཆ་རྐྱེན་ལོན་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་རིགས་གྲོང་གསེབ་ཀྱི་སྡོད་ཁང་རོགས་སྐྱོབ་བྱེད་ཡུལ་ལམ་ཡང་ན་གྲོང་ཁྱེར་གྱི་སྡོད་ཁང་འགན་སྲུང་གི་ཁྱབ་ཁོངས་ནང་དམིགས་བསལ་གྱིས་སྔོན་ལ་འཇུག་དགོས། ཁང་གླ་ཁེ་བའི་སྡོད་ཁང་གི་འགན་སྲུང་ཆ་རྐྱེན་ལོན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དབུལ་ཕོངས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་རིགས་ལ་བོགས་གཏོང་སྡོད་ཁང་སྤྲོད་པའམ་ཡང་ན་བོགས་དངུལ་ཁ་གསབ་སྤྲོད་དགོས།

    (བདུན)ནད་གཞི་ཚབས་ཆེན་དང་། གནོད་འཚེ་བྱུང་བ། སློབ་ཞུགས་སོགས་དབང་གིས་འཚོ་བར་དཀའ་ངལ་འཕྲད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་དམིགས་བསལ་རོགས་སྐྱོབ་བྱེད་དགོས།

    (བརྒྱད)འཚོ་རྟེན་མེད་པའི་དབང་པོ་སྐྱོན་ཅན་འཁྱམས་པོའི་རིགས་ལ་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་དུས་ཐོག་ཏུ་རོགས་སྐྱོབ་དང་བཀོད་སྒྲིག་ཡག་པོ་བྱེད་དགོས།

    དོན་ཚན་ལྔ་བཅུ་པ། དབང་པོ་སྐྱོན་ཅན་རིགས་ངེས་པར་དུ་ཁྲིམས་བཞིན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་དགོས་པ་དང་། རིམ་ཁག་མི་དམངས་སྲིད་གཞུང་དང་། ཡུལ་མི(གྲོང་མི)ཨུ་ལྷན། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་བཅས་ཀྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་བ་དང་རོགས་རམ་བྱེད་དགོས།

    མི་སྤྱོད་ཚན་པས་ངེས་པར་དུ་ཁྲིམས་བཞིན་དབང་པོ་སྐྱོན་ཅན་ལས་བཟོར་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་གཉེར་དགོས་པ་མ་ཟད། དུས་ཐོག་ཏུ་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་གྲངས་ཚང་འཇལ་སྤྲོད་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་ལས་བཟོ་གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུར་འགན་ལེན་བྱེད་དགོས། འཚོ་བའི་ཐད་དངོས་གནས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལས་བཟོ་སྒེར་ནས་འཇལ་སྤྲོད་བྱེད་དགོས་པའི་སྤྱི་ཚོགས་འགན་བཅོལ་གྱི་ཆ་ཤས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁ་གསབ་འོས་འཚམ་སྤྲོད་དགོས།

    དོན་ཚན་ང་གཅིག་པ། ཞིང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་པའི་དབང་པོ་སྐྱོན་ཅན་རིགས་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་ན་སྒེར་གྱིས་འཇལ་སྤྲོད་བྱེད་དགོས་པའི་ཆ་ཤས་དེ་རྫོང(གྲོང་ཁྱེར་དང་ཆུས)མི་དམངས་སྲིད་གཞུང་གིས་ཚབ་སྤྲོད་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་པའི་དབང་པོ་སྐྱོན་ཅན་རིགས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ན་སྒེར་གྱིས་འཇལ་སྤྲོད་བྱེད་དགོས་པའི་ཆ་ཤས་དེ་ས་ཆ་དེ་གའི་མི་དམངས་སྲིད་གཞུང་གིས་སྤྱི་ཚོཌ་རོགས་སྐྱོབ་གྲོན་དངུལ་ནང་ནས་གྲངས་ཚང་འཇལ་སྤྲོད་བྱེད་དགོས།

    ཚབས་ཆེའི་དབང་པོ་སྐྱོན་ཅན་དང་། དབང་པོ་མང་པོ་སྐྱོན་ཅན། ཁྱིམ་ཚང་གཅིག་ལ་དབང་པོ་སྐྱོན་ཅན་མང་པོ་ཡོད་པ། རྒན་འཁོགས་དང་དབང་པོ་སྐྱོན་ཅན་གཉིས་ཀ་ཡིན་པ་བཅས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་ནད་གཞི་ལྗིད་པོ་ཡོད་པའི་དབང་པོ་སྐྱོན་ཅན་བཅས་ཀྱི་རྩིས་ཞུའི་ཚད་གཞི་ལས་བརྒལ་བའི་སྒེར་གྱིས་འཇལ་དགོས་པའི་ཆ་ཤས་ལ་སླར་ཡང་རོགས་སྐྱོབ་བྱེད་དགོས།

    དོན་ཚན་ང་གཉིས་པ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་སྡེ་ཚན་གྱིས་ངེས་པར་དུ་སྲིད་ཇུས་དྲིལ་བསྒྲགས་དང་། ཁ་གསབ་རེ་ཞུ་བདག་སྤྲོད་བྱེད་པ། འགན་བཅོལ་ནང་ཞུགས་རྒྱུ་སྒྲིག་འཛུགས་དང་ལག་བསྟར་བྱེད་པ་སོགས་ཀྱི་ཐད་དུས་ཐོག་ཏུ་ཞབས་འདེགས་ཞུ་དགོས་པ་མ་ཟད། ཆེད་མངག་མི་སྣ་གཏན་འཁེལ་བྱས་ནས་དབང་པོ་སྐྱོན་ཅན་འགན་བཅོལ་ནང་ཞུགས་རྒྱུའི་ལས་ཀ་སྒྲུབ་འགན་འཁུར་དགོས་པ་དང་། འགྲོ་སྐྱོད་སྟབས་བདེ་མེད་པའི་ཚབས་ཆེའི་དབང་པོ་སྐྱོན་ཅན་ལ་རང་འགུལ་གྱིས་དེའི་སྒོ་རྩར་བཅར་ནས་ཞབས་འདེགས་ཞུ་དགོས།

    དོན་ཚན་ང་གསུམ་པ། རིག་གནས་དང་ལུས་རྩལ་བྱེད་སྒོ་ལྟེ་གནས་སོགས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་ལ་ངེས་པར་དུ་དབང་པོ་སྐྱོན་ཅན་ལ་སྒོ་འཛིན་མེད་པར་གཏོང་དགོས་པ་མ་ཟད་སྟབས་བདེ་སྐྲུན་དགོས།

    ཟློས་གར་ཁང་དང་གློག་བརྙན་ཁང་སོགས་ཚོང་གཉེར་བྱ་ཡུལ་ལ་ངེས་པར་དུ་དབང་པོ་སྐྱོན་ཅན་ལ་ལྟ་རྟོག་བྱས་ཐོག རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོའི་སྐབས་སུ་དབང་པོ་སྐྱོན་ཅན་ལ་སྒོ་འཛིན་མེད་པར་གཏོང་དགོས།

    ཚབས་ཆེའི་དབང་པོ་སྐྱོན་ཅན་དང་ལོང་བར་ཞབས་ཕྱི་ཞུ་མཁན་གཅིག་ལ་དབང་པོ་སྐྱོན་ཅན་དང་གཅིག་མཚུངས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱས་ཆོག

    དོན་ཚན་ང་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་ལ་བཅའ་ཁྲིམས་ཀྱི་ཞབས་ཞུ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོབ་བྱ་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ཏེ། ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ཁག་དང་མཐུན་སྦྱོར་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལུགས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་རིགས་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱེད་དགོས། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའམ་རྒྱུ་མཚན་གཞན་གྱི་རྐྱེན་པས་ཁྲིམས་ལུགས་ཐོག་ནས་རོགས་སྐྱོབ་བྱེད་དགོས་ངེས་ཀྱི་དབང་པོ་སྐྱོན་ཅན་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོབ་ལས་ཁུངས་དང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁོང་ཚོར་བཅའ་ཁྲིམས་ཀྱི་རོགས་སྐྱོབ་བམ་ཡང་ན་ཁྲིམས་འཛིན་གྱི་སྐྱོབ་རོགས་ངེས་པར་བྱེད་དགོས།

    ལེའུ་བདུན་པ། བཀག་ཆ་མེད་པའི་ཁོར་ཡུག

    དོན་ཚན་ང་ལྔ་པ། སྤྱི་པའི་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་རྒྱ་ལམ། སྤྱི་པའི་སྒྲིག་བཀོད། དེ་བཞིན་བྱེད་སྒོ་སྤེལ་ས་སོགས་གསར་རྒྱག་དང་། རྒྱས་སྐྲུན། སྒྱུར་བཅོས་བཅས་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་དང་ཚད་གཞི་གཞིར་བཟུང་སྒྲིག་བཀོད་འཛུགས་སྐྲུན་ཐད་བཀག་ཆ་མེད་པ་བཟོ་དགོས། འཛུགས་སྐྲུན་རྣམ་གྲངས་ཀྱི་བཀག་ཆ་མེད་པའི་སྒྲིག་བཀོད་བཟོ་རྒྱུ་དེ་ངེས་པར་དུ་གཙོ་རྐང་ལས་གྲྭའི་འཆར་འགོད་དང་། ཇུས་འགོད། ཨར་རྒྱག རྩིས་ལེན། རྩིས་སྤྲོད། བེད་སྤྱོད་བཅས་མཉམ་དུ་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་བཀག་ཆ་མེད་པའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་སྒྲིག་གི་ནང་དོན་རྣམས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་བཤེར་ཁོངས་སུ་འཇུག་དགོས་པ་དང་། འཛུགས་སྐྲུན་གྱི་རྣམ་གྲངས་འཆར་བཀོད་ཇུས་འགོད་ཁྲོད་བཀག་ཆ་མེད་པའི་འཛུགས་སྐྲུན་གྱི་བླང་བྱ་དང་མཐུན་མེད་པའི་འཛུགས་སྐྲུན་གྱི་རྣམ་གྲངས་རིགས་ལ་ཤང་གྲོང་འཆར་འགོད་གཙོ་འགན་འཁུར་འགན་སྡེ་ཚན་གྱིས་འཛུགས་སྐྲུན་ལས་གྲྭའི་འཆར་འགོད་འཁྲོལ་འཛིན་དཔྱད་སྤྲོད་བྱེད་མི་ཆོག སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་གྱི་སྲིད་འཛིན་གཙོ་འགན་ཁུར་འགན་སྡེ་ཚན་གྱིས་ཨར་སྐྲུན་འཁྲོལ་འཛིན་སྤྲོད་མི་ཆོག་ལ་ཨར་སྐྲུན་ལེགས་གྲུབ་ཟིན་པའི་རྩིས་ལེན་ཐོ་འགོད་བྱེད་མི་ཆོག

    ལས་གྲྭ་འཛུགས་སྐྲུན་གྱི་འཆར་བཀོད་ཇུས་འགོད་ཁྲོད་བཀག་ཆ་མེད་པའི་འཛུགས་སྐྲུན་གྱི་བླང་བྱ་དང་མཐུན་མེད་པའི་འཛུགས་སྐྲུན་བྱས་ཟིན་པའི་འཛུགས་སྐྲུན་རྣམ་གྲངས་རྣམས་ངེས་པར་དུ་བཀག་ཆ་མེད་པའི་སྒྲིག་བཀོད་ལ་རིམ་བཞིན་སྒྱུར་དགོས།

    བཀག་ཆ་མེད་པའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཅོས་བྱེད་སྐབས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་དོན་དངོས་དགོས་མཁོ་དང་མཐུན་པ་བྱེད་དགོས། འཆར་འགོད་དང་། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་བདེ།སྡོད་ཁང་། ཤང་གྲོང་འཛུགས་སྐྲུན་གྱི་གཙོ་འགན་འཁུར་མཁན་སྡེ་ཚན་བཅས་ཀྱིས་ངེས་པར་དུ་འགན་འཁྲི་གཞིར་བཟུང་བཀག་ཆ་མེད་པའི་སྒྲིག་བཀོད་ལ་དོ་དམ་དང་རྒྱུན་དུ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    བཀག་ཆ་མེད་པའི་སྒྲིག་བཀོད་བཟོ་བའམ་བཀག་ཆ་མེད་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་མཚོན་རྟགས་ཁ་གསལ་བཀོད་དགོས།

    དོན་ཚན་ང་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་རྒྱུན་གཏན་འཚོ་བ་དང་། ཁོང་ཚོའི་ལས་ཀ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྡོད་ཁང་། སྡེ་ཁུལ། སློབ་གྲྭ ཕན་བདེ་ལས་ཁུངས། སྤྱི་པའི་ཞབས་ཞུ་སྤེལ་ཡུལ། སྒྲིག་བཀོད་བཅས་ལ་བཀག་ཆ་མེད་པའི་འཛུགས་སྐྲུན་དང་སྒྱུར་བཅོས་བྱ་རྒྱུར་སྐུལ་སྤེལ་གང་མགྱོགས་བཏང་སྟེ་རིམ་པས་གྲོང་རྡལ་ཆུང་གྲས་དང་གྲོང་གསེབ། དབང་པོ་སྐྱོན་ཅན་གྱི་སྡོད་ཁང་བཅས་ལ་བཀག་ཆ་མེད་པའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཅོས་བྱ་རྒྱུ་ཁྱབ་གདལ་གཏོང་རྒྱུ་དང་སྦྲགས། དབུལ་ཕོངས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སྡོད་ཁང་ལ་བཀག་ཆ་མེད་པ་བཟོ་རྒྱུར་མ་དངུལ་གྱི་རོགས་སྐྱོབ་བྱེད་དགོས།

    དོན་ཚན་ང་བདུན་པ། སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ཐད་ངེས་པར་དུ་བཀག་ཆ་མེད་པའི་སྒྲིག་བཀོད་ཀྱི་བླང་བྱ་གཞིར་བཟུང་། ཡིག་བརྙན་སྒྲིག་སྦྱོར་བརྡ་ཚུགས་དང་སྐད་བརྡའི་སྒྲོམ་ཚུགས་མ་ལག་ཆ་སྒྲིག་བཟོས་ཏེ་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་སྡོད་སའི་བསྡུར་ཚད་ངེས་ཅན་ཡོད་པ་བྱེད་དགོས།

    སྤྱི་སྤྱོད་འཁོར་རིགས་འཇོག་སར་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་འཁོར་རིགས་འཇོག་ས་ཆེད་མངག་བཟོས་ཏེ་དབང་པོ་སྐྱོན་ཅན་ལ་གླ་རིན་སྤྲོད་མི་དགོས་པར་འཁོར་རིགས་འཇོག་ཏུ་བཅུག་དགོས་པ་ལས་ཚན་པ་དང་མི་སྒེར་གང་རུང་གིས་བཟུང་སྤྱོད་བྱེད་མི་ཆོག

    དོན་ཚན་ང་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ཆ་འཕྲིན་སྤེལ་རེས་ཀྱི་བཀག་ཆ་མེད་པའི་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

    རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར)རིམ་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་གསར་འགྱུར་ལེ་ཚན་སྟོན་དུས་ངེས་པར་དུ་དབང་པོ་སྐྱོན་ཅན་ལ་ཆེད་མངག་ལག་བརྡའི་འགྲེལ་བཤད་རྒྱག་དགོས་པ་དང་སྦྲགས་ཡིག་རིས་སྒྲིག་སྟོན་བྱེད་དགོས། ཆ་རྐྱེན་ཡོད་པའི་སྤྱི་སྤྱོད་དཔེ་མཛོད་ཁང་གིས་ངེས་པར་དུ་ལོང་ཡིག་དུས་དེབ་རིམ་བཞིན་གསབ་སྣོན་བྱས་ནས་ལོང་བར་སྒྲ་ཅན་ཀློག་དེབ་དཔེ་གཟིགས་ཁང་སྒྲིག་དགོས།

    འདེམས་བསྐོ་དང་ཡིག་རྒྱུགས་སོགས་རིགས་ཁག་གི་བྱེད་སྒོ་སྤེལ་བར་ངེས་པར་དུ་དབང་པོ་སྐྱོན་ཅན་ལ་བཀག་ཆ་མེད་པའི་ཞབས་ཞུ་སྒྲུབ་དགོས།

    ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ང་དགུ་པ། དབང་པོ་སྐྱོན་ཅན་གྱི་ལུགས་མཐུན་ཁེ་དབང་ལ་བཙན་གནོད་ཕོག་ཚེ་དབང་པོ་སྐྱོན་ཅན་རྩ་འཛུགས་ལ་ཞུ་སྦྱོར་བྱས་ཆོག་པ་དང་། དབང་པོ་སྐྱོན་ཅན་རྩ་འཛུགས་ཀྱིས་འབྲེལ་ཡོད་སྡེ་ཚན་ནམ་ཚན་པར་ཞིབ་བཤེར་ཐག་གཅོད་ཡོང་བའི་རེ་བ་བཏོན་ཆོག འབྲེལ་ཡོད་སྡེ་ཚན་ནམ་ཚན་པས་ངེས་པར་དུ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་དང་། ལན་འདེབས་ཀྱང་བྱེད་དགོས།

    དོན་ཚན་དྲུག་ཅུ་པ། དབང་པོ་སྐྱོན་ཅན་གྱི་ལུགས་མཐུན་ཁེ་དབང་ལ་བཙན་གནོད་ཕོག་ཚེ་འབྲེལ་ཡོད་ཚན་པར་ཁྲིམས་ལྟར་ཐག་གཅོད་གནང་རྒྱུའི་རེ་བ་བཏོན་ཆོག་པ་དང་། ཁྲིམས་ལྟར་འདུམ་གཅོད་ལས་ཁུངས་སུ་ཁྲིམས་ལྟར་འདུམ་གཅོད་ཡོང་བའི་ཞུ་ཡིག་འབུལ་བའམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་ཀྱང་རྒྱག་ཆོག

    དབང་པོ་སྐྱོན་ཅན་གྱིས་ཞུ་གཏུག་ལ་བརྟེན་ནས་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་རོགས་རམ་བྱེད་དགོས་ཚེ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་པ་དང་། དབང་པོ་སྐྱོན་ཅན་གྱི་ཐུན་མོང་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་རིགས་ཐོན་ཚེ་འབྲེལ་ཡོད་སྡེ་ཚན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་རེ་བ་འདོན་དབང་ཡོད།

    དོན་ཚན་རེ་གཅིག་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གྱི་བྱ་སྤྱོད་གྲས་ཤིག་ཡོད་རིགས་ལ་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་ནས་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་དགོས་པའི་སྐུལ་ལྕག་བྱ་རྒྱུ་དང་། ཡོ་བསྲང་མི་བྱེད་མཁན་ལ་འབྲེལ་ཡོད་གཙོ་འགོན་འཁུར་མཁན་སྡེ་ཚན་གྱིས་བཅའ་ཁྲིམས་གཞིར་བཟུང་ཐག་གཅོད་བྱེད་དགོས།

    (གཅིག)སློབ་གསོའི་ལས་ཁུངས་ཀྱིས་དབང་པོ་སྐྱོན་ཅན་གྱི་སློབ་མ་སློབ་གྲྭར་མ་བཅུག་པའམ་ཡང་ན་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བསྡུ་འཇུག་གི་རེ་བ་ལས་བརྒལ་ནས་ཆ་རྐྱེན་གསར་སྣོན་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་སློབ་མ་སློབ་གྲྭར་ཞུགས་པར་ཚད་བཀག་བཟོས་རིགས།

    (གཉིས)གཏན་འབེབས་གཞིར་བཟུང་མ་བྱས་པར་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་དུ་འཇུག་པའི་རིགས།

    (གསུམ)མི་སྤྱོད་མཁན་ཚན་པས་ལས་བཟོ་བསྡུ་སྤྱོད་སོགས་བྱེད་པའི་ཐད་དབང་པོ་སྐྱོན་ཅན་ལ་མཐོང་ཆུང་བྱེད་རིགས།

    (བཞི)དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་དུས་ཐོག་ཏུ་གྲངས་ཚང་འཇལ་སྤྲོད་མི་བྱེད་པའི་རིགས།

    (ལྔ)མི་སྤྱོད་མཁན་ཚན་པས་དབང་སྐྱོན་ལས་བཟོ་བ་དང་བཞག་པའི་ངལ་རྩོལ་གན་རྒྱ་དེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ནས་མེད་པ་བཟོ་བའམ་མཚམས་འཇོག་བྱེད་རིགས།

    (དྲུག)མི་སྤྱོད་མཁན་ཚན་པས་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱས་པའི་མི་གྲངས་རྫུན་ཞུ་བྱས་ནས་འབྲེལ་ཡོད་ཀྱི་ཁྲལ་རིན་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་འཕར་གཟིགས་ཐོབ་ཐང་རག་ཐབས་བྱས་རིགས།

    (བདུན)མི་སྤྱོད་མཁན་ཚན་པས་དབང་པོ་སྐྱོན་ཅན་ལ་སྤྱི་ཚོགས་འགན་བཅོལ་རིན་དངུལ་ཁག་དུས་ཐོག་ཏུ་གྲངས་ཚང་འཇལ་སྤྲོད་མི་བྱེད་པའི་རིགས།

    (བརྒྱད)ཨར་སྐྲུན་དངོས་པོ་དང་། འགྲོ་ལམ། འགྲིམ་འགྲུལ་སྒྲིག་བཀོད་བཅས་གསར་སྐྲུན་དང་། བཟོ་བཅོས། རྒྱ་སྐྱེད་བྱས་རིགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཀག་ཆ་མེད་པའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་གཞི་དང་མ་མཐུན་པའམ་ཡང་ན་བཀག་ཆ་མེད་པའི་སྒྲིག་བཀོད་དུས་ཐོག་ཏུ་ཉམས་གསོ་དང་སྲུང་སྐྱོབ་མ་བྱས་པའི་རྐྱེན་གྱིས་དབང་པོ་སྐྱོན་ཅན་ལ་བེད་སྤྱོད་གཏོང་ཁག་པོ་བཟོས་རིགས་བཅས་ཡིན།

    དོན་ཚན་རེ་གཉིས་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གྱི་བྱ་སྤྱོད་གྲས་ཤིག་ཡོད་རིགས་ལ་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་དང་། སྲིད་འཛིན་ཆད་གཅོད་དམ་ཡང་ན་སྲིད་འཛིན་གྱི་ཁྲིམས་ཆད་གཅོད་རྒྱུ། ཉེས་གསོག་དོགས་ཡོད་རིགས་ཡིན་ཚེ་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་དགོས་པ་སྟེ།

    (གཅིག)དབང་པོ་སྐྱོན་ཅན་གསོ་སྐྱོང་དང་། ཉར་གསོ། འཚོ་སྐྱོང་བཅས་ཀྱི་འོས་འགན་དང་ལྟ་སྐྱོང་གི་འགན་འཁྲི་མི་ཁུར་བའི་རིགས།

    (གཉིས)དབང་པོ་སྐྱོན་ཅན་ལ་མཐོང་ཆུང་བྱེད་པ་དང་། བརྙས་བཅོས་བྱེད་པ། གནོད་འཚེ་གཏོང་བ། མནར་གཅོད་གཏོང་བ། བསྐྱུར་བ་སོགས་བྱེད་པའི་རིགས།

    (གསུམ)བཀག་ཆ་མེད་པའི་སྒྲིག་བཀོད་ཁྲིམས་དང་མི་མཐུན་པར་བཙན་བཟུང་བྱེད་རིགས།

    (བཞི)བཀག་ཆ་མེད་པའི་སྒྲིག་བཀོད་ཀྱི་སྤྱོད་སྒོ་རང་དགར་འགྱུར་ལྡོག་གཏོང་རིགས།

    (ལྔ)བཀག་ཆ་མེད་པའི་སྒྲིག་བཀོད་རྐུ་འཁྱེར་དང་གཏོར་སྐྱོན་གཏོང་བའི་རིགས་བཅས་སོ།

    དོན་ཚན་རེ་གསུམ་པ། རྒྱལ་ཁབ་ལས་ཁུངས་དང་། བྱ་གཞག་ཚན་པ། མི་དམངས་ཚོགས་པ། དེ་བཞིན་དེ་དག་གི་ལས་བྱ་བཅས་ཀྱིས་བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གྱི་བྱ་སྤྱོད་གྲས་ཤིག་ཡོད་རིགས་ལ་གཙོ་འགན་འཁུར་མཁན་ལས་ཁུངས་སམ་ཡང་ན་དེ་གནས་སའི་སྡེ་ཚན་གྱིས་གཙོ་འགན་འཁུར་མཁན་མི་སྣ་དང་ཐད་ཀར་འགན་འཁྲི་འཁུར་མཁན་ལ་སྲིད་འཛིན་གྱི་ཆད་པ་གཅོད་དགོས་པ་དང་། རྒྱུ་ནོར་གྱི་གྱོང་གུན་ནམ་དེ་མིན་གྱི་གནོད་སྐྱོན་བཟོས་ཚེ་ཁྲིམས་བཞིན་དམངས་དོན་འགན་འཁྲི་འཁུར་དགོས་པ། ཉེས་གསོག་དོགས་ཡོད་རིགས་ཡིན་ཚེ་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་དགོས་པ་སྟེ།

    (གཅིག)བྱ་ཐབས་འདིའི་ནང་གཏན་འབེབས་བྱས་པའི་དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་འགན་འཁྲི་ཁྲིམས་བཞིན་ལག་བསྟར་མི་བྱེད་པའམ་དབང་པོ་སྐྱོན་ཅན་གྱི་ཕན་བདེའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་མི་བྱེད་པའི་རིགས།

    (གཉིས)དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པའི་རྒྱུ་མཚན་གསལ་ཞུ་དང་། ཞུ་གཏུག ཐེར་འདོན་བཅས་བདག་སྤྲོད་བྱེད་དགོས་ངེས་ཡིན་ཀྱང་བདག་སྤྲོད་མ་བྱས་པའམ་ཡང་ན་ནར་འགྱངས་བྱེད་པ། དེ་བཞིན་བདག་སྤྲོད་བྱས་ཀྱང་ཞིབ་བཤེར་ཐག་གཅོད་མ་བྱས་པར་མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས།

    (གསུམ)རྒྱུ་མཚན་གསལ་ཞུ་དང་། ཞུ་གཏུག ཐེར་འདོན་བཅས་བྱེད་མཁན་དང་དེའི་གཉེན་ཉེར་རྡུང་རྡེག་འཁོན་ལན་སློག་རིགས་བཅས་སོ།

    དོན་ཚན་རེ་བཞི་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཁུར་དགོས་པའི་བྱ་སྤྱོད་གཞན་དག་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་དགོས།

    ལེའུ་དགུ་པ། ཞར་བྱུང་།

    དོན་ཚན་རེ་ལྔ་པ། བྱ་ཐབས་འདི་2013ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།