རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བ།
ཉིན་ཤས་བསྟུད་མར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་རྒྱུན་མཐུད་བྱུང་ཞིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཆེད་དོན་སློབ་སྦྱོང་དང་། བཞུགས་མོལ་གྲོས་ཞིབ། གཞི་རིམ་དུ་སྒྲོག་འགྲེལ་སོགས་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཤིང་། ཚང་མས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དངོས་སྒྲུབ་ལག་བསྟར་གྱི་རྣམ་འགྱུར་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཀྱི་ལག་ལེན་ཁྲོད་ཞུགས་ཏེ། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་གངས་ལྗོངས་ས་མཐོར་དོན་འཁྱོལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
ཉེ་ཆར། གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ཡོན་ལྷན་ཁང་དུ“ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད། ལང་ཚོ་ཏང་ལ་ཕྱོགས་ནས་འོས་འགན་ལེགས་སྒྲུབ་བྱེད་པར་བརྩོན”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་དང་ལག་ལེན་གྱི་བླང་བྱ་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་རེད། གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ལྷན་གྱི་རིམ་བཞིའི་ཀྲུའུ་རེན་ཁོའོ་ཡོན་དངོས་གྲུབ་དབང་མོས“ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་གཞོན་ནུ་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བློ་ལ་འཇགས་པར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་རྒྱ་ཆེའི་སྡེ་ཚོགས་ཀྱི་གཞོན་ནུ་ཚོས་སྤོབས་སེམས་ཆེན་པོས་འགན་འཁྲི་འཁུར་བར་སྣེ་ཁྲིད་ནས་མངའ་རིས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད།
ལྷོ་ཁ་གྲོང་ཁྱེར་གྱིས་ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་ནས་རྣམ་པ་སྣ་ཚོགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་ཡོད། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཧྲེན་ཤིན་ཅུན་གྱིས“ང་ཚོས‘བདེ་འཇགས་དང་། སྟབས་བདེ། ཕན་ཆེ། ལྗང་མདོག གོང་ཁེ’བཅས་ཀྱི་དམིགས་ཚད་ལ་གཞིགས་ཏེ་གཞུང་ལམ་དྲ་བ་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པར་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། ‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་ཁག་གཅིག་བསྐྲུན་རྒྱུ་དང་། མཐའ་མཚམས་རྫོང(གྲོང་ཁྱེར)དུ་གཞུང་ལམ་དྲ་བ་བསྐྲུན་པ། རེས་སྐོར་གསར་པའི་གྲོང་གསེབ་གཞུང་ལམ་གྱི་སྤུས་ལེགས་སྒྱུར་བཀོད་ལག་བསྟར་བྱ་རྒྱུ་དང་། ལྗང་མདོག་རིག་ལྡན་ལ་ཕྱོགས་སྒྱུར་ཡོང་བར་བྱེད་པ་དང་། ལྷོ་ཁའི་སྐྱེ་ཁམས་སྲུང་སྐྱོང་གི་བླང་བྱ་དང་ཟུང་འབྲེལ། ཐཱན་ཉུང་སྒྲིག་བཀོད་དང་སྒྲིག་ཆས་ཁྱབ་གདལ་གཏོང་བ། རིག་ལྡན་བདག་སྐྱོང་དང་གྲངས་འཛིན་ཞབས་ཞུ་སོགས་ལག་རྩལ་གསར་པ་དང་མཉམ་འདྲེས་བཅས་བྱེད་པ། དམངས་འཚོའི་ཞབས་ཞུ་རིམ་སྤོར་ལ་དམིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་ཡུལ་སྐོར་འགྲིམ་འགྲུལ་སྦྲེལ་མཐུད་ལེགས་སུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་རམ་འདེགས་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྣམ་གྲངས་ཀྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོར་འགྱུར་བ་བཅས་བྱས་ནས་འགྲིམ་འགྲུལ་བྱ་གཞག་ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་སྟོན་གདོང་ལེན་དུ་འགྱུར་བར་བྱེད་ཀྱི་ཡིན”ཞེས་བཤད།
གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་ཙུའུ་ཡི་རྒྱ་ཆེའི་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་ཞུགས་མི་སྣ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཆེད་དོན་ཟུར་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད། ཕྱོགས་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བློ་ལ་འཇགས་ཐུབ་པ་དང་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།