དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-21

    (1997ལོའི་ཟླ་3ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་23པའི་ཐོག་གྲོས་འཆམ་བྱུང་བ། 2013ལོའི་ཟླ་7ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་དག་བཅོས་བྱས། 2025ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་11ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉མེད་པ་བཟོ་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་བྱས)

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། འཆར་འགོད།

    ལེའུ་གསུམ་པ། སྔོན་འགོག

    ལེའུ་བཞི་པ། བཅོས་སྐྱོང་།

    ལེའུ་ལྔ་པ། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་བདུན་པ། ཞར་བྱུང་།

    དོན་ཚན་དང་པོ། ས་ཆུ་ཤོར་རིགས་སྔོན་འགོག་དང་བཅོས་སྐྱོང་བྱ་རྒྱུ་དང་། ས་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལུགས་མཐུན་བྱས་ཏེ་ཆུ་སྐྱོན་དང་། ཐན་སྐྱོན། རླུང་སྐྱོན། བྱེ་སྐྱོན་བཅས་ཀྱི་གནོད་འཚེ་ཆུང་དུ་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ནས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བཟོས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ཡོང་བར་འགན་སྲུང་བྱ་རྒྱུ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས》གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ས་ཆུ་སྲུང་འཛིན་གྱི་ལས་དོན་སྤེལ་བའམ་ཡང་ན་ས་ཆུ་ཤོར་སྲིད་པའི་རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་། ཐོན་སྐྱེད་འཛུགས་སྐྲུན། དེ་མིན་གྱི་ལས་སྒོ་བཅས་སྤེལ་སྐབས། ངེས་པར་དུ་བྱ་ཐབས་འདིར་བརྩི་སྲུང་ཞུ་དགོས།

    བྱ་ཐབས་འདིའི་ནང་བརྗོད་པའི་ས་ཆུ་སྲུང་འཛིན་ཞེས་པ་ནི་རང་བྱུང་གི་རྒྱུ་རྐྱེན་དང་མིའི་བྱ་སྤྱོད་ཀྱི་རྐྱེན་པས་ས་ཆུ་ཤོར་རིགས་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་བྱ་ཐབས་སྤེལ་བར་ཟེར།

    དོན་ཚན་གསུམ་པ། ས་ཆུ་སྲུང་འཛིན་ལས་དོན་ཐད་སྔོན་འགོག་གཙོར་བཟུང་དང་། སྲུང་སྐྱོབ་སྔོན་སྤེལ། འཆར་འགོད་ཆ་ཚང་བ། ཕྱོགས་བསྡུས་བཅོས་སྐྱོང་། ཡུལ་བབ་ལ་བསྟུན་པ། གནད་ཆེ་གཙོ་བཟུང་། ཚན་རིག་དང་མཐུན་པའི་དོ་དམ། ཕན་འབྲས་ལ་དོ་སྣང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། སུ་ཞིག་གིས་གསར་སྤེལ་བྱས་ན་དེས་སྲུང་སྐྱོབ་དང་། སུ་ཞིག་གིས་བེད་སྤྱོད་བཏང་ན་དེས་ཁ་གསབ་སྤྲོད་པ། སུ་ཞིག་གིས་རྐྱེན་པས་ས་ཆུ་ཤོར་ན་དེས་བཅོས་སྐྱོང་བྱེད་པ་བཅས་ཀྱི་རྩ་དོན་ལག་བསྟར་བྱ་རྒྱུ།

    དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་སྲུང་འཛིན་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དེ་མཚུངས་ཀྱི་ལས་ཀའི་ལས་ཁུངས་དང་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ས་ཆུ་སྲུང་འཛིན་ལས་དོན་གྱི་གཙོ་འགན་འཁུར་དགོས་ཤིང་། ས་ཆུ་ཤོར་རིགས་སྔོན་འགོག་དང་བཅོས་སྐྱོང་བྱ་རྒྱུ་དང་། ས་ཆུ་སྲུང་འཛིན་ཐད་ལྟ་སྐུལ་དང་ལྟ་ཞིབ་ཚད་ལེན་བྱ་རྒྱུ། ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་ལག་རྩལ་ཁྱབ་གདལ་བཅས་གཏོང་རྒྱུ། དྲིལ་བསྒྲགས་དང་སློབ་གསོ་སྤེལ་རྒྱུ་སོགས་ལས་དོན་གྱི་ཞིབ་ཕྲའི་འགན་འཁུར་རྒྱུ།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་ས་ཆུ་ཤོར་རིགས་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྤེལ་དགོས།

    དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་སྲུང་འཛིན་ལས་དོན་དེ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་བཅུག་སྟེ། ས་ཆུ་སྲུང་འཛིན་གྱི་འཆར་འགོད་ནང་གཏན་འཁེལ་བའི་ལས་འགན་ལྟར་ཆེད་སྤྱོད་མ་དངུལ་སྤྲོད་པ་དང་སྦྲགས་ལག་བསྟར་སྒྲིག་འཛུགས་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དེ་སྲིད་གཞུང་གི་ཞིབ་དཔྱད་མ་ལག་ནང་བཅུག་སྟེ། ལོ་འཁོར་གྱི་ས་ཆུ་སྲུང་འཛིན་གྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་ཞིབ་དཔྱད་ཀྱི་བྱ་དགའ་ཆད་གཅོད་ལམ་ལུགས་འཛུགས་པ་དང་། དུས་བཀག་ནང་རིམ་མཚུངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་གོང་རིམ་མི་དམངས་སྲིད་གཞུང་ལ་ས་ཆུ་སྲུང་འཛིན་གྱི་ལས་དོན་སྤེལ་ཚུལ་སྙན་སེང་ཞུ་དགོས།

    དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་དྲིལ་བསྒྲགས་དང་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ས་ཆུ་སྲུང་འཛིན་གྱི་རྒྱལ་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ས་ཆུ་སྲུང་འཛིན་ཐད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ནས། དམངས་ཡོངས་ཀྱི་ས་ཆུ་སྲུང་འཛིན་འདུ་ཤེས་ཟབ་ཏུ་གཏོང་དགོས།

    དོན་ཚན་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་སྲུང་འཛིན་ཐད་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་ས་ཆུ་སྲུང་འཛིན་གྱི་སྔོན་ཐོན་ལག་རྩལ་ཁྱབ་གདལ་གཏོང་དགོས་པ་དང་། ས་ཆུ་སྲུང་འཛིན་ཐད་ཀྱི་ཚན་རིག་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། ས་ཆུ་སྲུང་འཛིན་གྱི་ཚན་རིག་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས།

    དོན་ཚན་བརྒྱད་པ། ཚན་པ་གང་ཞིག་དང་མི་སུ་འདྲ་ཞིག་ཡིན་རུང་ཚང་མར་ས་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་། ས་ཆུ་ཤོར་རིགས་ལ་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་འོས་འགན་ཡོད་པ་མ་ཟད། ས་ཆུའི་ཐོན་ཁུངས་གཏོར་བཤིག་གཏོང་བ་དང་ས་ཆུ་ཤོར་སྐྱོན་བཟོ་བའི་བྱེད་སྤྱོད་རིགས་ཐེར་འདོན་བྱེད་དབང་ཡོད།

    དོན་ཚན་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་ཤོར་རིགས་ལ་སྔོན་འགོག་དང་བཅོས་སྐྱོང་བྱེད་དགོས་ཤིང་། ས་ཆུ་སྲུང་འཛིན་ཐད་ལ་ལྟ་སྐུལ་དང་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ཚན་རིག་ཞིབ་འཇུག་དང་ལག་རྩལ་ཁྱབ་གདལ་གཏོང་བ། དྲིལ་བསྒྲགས་དང་སློབ་གསོ་སྤེལ་བ་སོགས་ཀྱི་ལས་དོན་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

    ལེའུ་གཉིས་པ། འཆར་འགོད།

    དོན་ཚན་བཅུ་པ། ས་ཆུ་སྲུང་འཛིན་གྱི་འཆར་འགོད་དེ་ངེས་པར་དུ་ས་ཆུ་ཤོར་སྐྱོན་གྱི་ཞིབ་བཤེར་བྱས་འབྲས་དང་། དེ་བཞིན་ས་ཆུ་ཤོར་རིགས་ལ་གཙོ་གནད་སྔོན་འགོག་བྱེད་ཁུལ་དང་གཙོ་གནད་བཅོས་སྐྱོང་བྱེད་ཁུལ་གཏན་འཁེལ་བཟོས་པའི་རྨང་གཞིའི་ཐོག གཅིག་གྱུར་མཐུན་སྦྱོར་དང་རིགས་དབྱེ་མཛུབ་ཁྲིད་བྱེད་པའི་རྩ་དོན་གཞིར་བཟུང་ནས་བཟོ་དགོས།

    ས་ཆུ་སྲུང་འཛིན་གྱི་འཆར་འགོད་དེ་ངེས་པར་དུ་ས་ཆུ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་། ཆུའི་ཐོན་ཁུངས་ཀྱི་འཆར་འགོད། གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད། ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་སོགས་དང་ཕན་ཚུན་མཐུན་སྦྱོར་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་བཟོས་ནས་ལྗོངས་ཡོངས་ཀྱི་ས་ཆུ་ཤོར་ཚུལ་ལ་བརྟག་དཔྱད་སྒྲིག་འཛུགས་བྱེད་པ་དང་སྦྲགས། བརྟག་དཔྱད་བྱས་འབྲས་སྤྱི་བསྒྲགས་སྤེལ་དགོས་པ་དང་། སྤྱི་བསྒྲགས་མ་སྤེལ་གོང་ངེས་པར་དུ་བརྟག་དཔྱད་བྱས་འབྲས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

    ས་ཆུ་ཤོར་ཚུལ་བརྟག་དཔྱད་བྱས་འབྲས་སྤྱི་བསྒྲགས་སྤེལ་རྒྱུའི་ཐད་ངེས་པར་དུ་གཤམ་གསལ་གྱི་གཙོ་བོའི་ནང་དོན་ཁག་ཚུད་དགོས་པ་སྟེ།

    (གཅིག)ས་ཆུ་ཤོར་བའི་རྒྱ་ཁྱོན་དང་། ཟད་སྐྱོན་རིགས། ཁྱབ་ཚུལ་དང་ས་ཆུ་ཤོར་ཚད་བཅས་དང་།

    (གཉིས)ས་ཆུ་ཤོར་རྐྱེན་དང་། གནོད་འཚེ། དེའི་འགྱུར་ཕྱོགས།

    (གསུམ)ས་ཆུ་ཤོར་རིགས་ལ་འགོག་བཅོས་བྱས་ཚུལ་དང་དེའི་ཕན་འབྲས་བཅས་སོ།

    དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་ཤོར་སྐྱོན་བརྟག་དཔྱད་བྱས་འབྲས་གཞིར་བཟུང་ནས་སྲིད་འཛིན་ས་ཁོངས་དེ་གའི་ས་ཆུ་ཤོར་རིགས་ལ་གཙོ་གནད་སྔོན་འགོག་བྱེད་ཁུལ་དང་གཙོ་གནད་བཅོས་སྐྱོང་བྱེད་ཁུལ་གཏན་འཁེལ་བཟོ་བ་དང་སྦྲགས་སྤྱི་བསྒྲགས་སྤེལ་དགོས།

    དོན་ཚན་བཅུ་གསུམ་པ། ས་ཆུ་སྲུང་འཛིན་གྱི་འཆར་འགོད་དེ་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་གཉིས་སུ་དབྱེ་རྒྱུ་དང་། ཆེད་དོན་འཆར་འགོད་དེས་ངེས་པར་དུ་སྤྱིའི་འཆར་འགོད་ལ་བསྟུན་དགོས།

    ས་ཆུ་སྲུང་འཛིན་གྱི་སྤྱིའི་འཆར་འགོད་ནི་སྲིད་འཛིན་ས་ཁོངས་སམ་ཡང་ན་ཆུ་རྒྱུག་ཁུལ་གྱི་ས་ཆུ་ཤོར་རིགས་ལ་སྔོན་འགོག་དང་བཅོས་སྐྱོང་བྱ་རྒྱུ་དང་། ས་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་ལུགས་མཐུན་བེད་སྤྱོད་བྱ་རྒྱུར་ཁྱོན་ཡོངས་ཀྱི་བཀོད་སྒྲིག་བྱས་པ་ཞིག་ཡིན་ཞིང་། དེར་ངེས་པར་དུ་ས་ཆུ་ཤོར་ཚུལ་དང་། ས་ཆུ་ཤོར་སླ་བའི་ཁུལ་ཁོངས། ས་ཆུ་ཤོར་བའི་རིགས་ཁོངས་དབྱེ་བ། ས་ཆུ་ཤོར་རིགས་ལ་འགོག་བཅོས་བྱ་རྒྱུའི་དམིགས་ཚད། ལས་འགན། དེ་བཞིན་བྱ་ཐབས་སོགས་ཀྱི་ནང་དོན་ཚུད་དགོས།

    ས་ཆུ་སྲུང་འཛིན་གྱི་ཆེད་དོན་འཆར་འགོད་ནི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལྟར་ས་ཆུ་སྲུང་འཛིན་གྱི་ཆེད་དོན་ལས་ཀ་ཞིག་གམ་ཡང་ན་ཆེད་མངགས་གཏན་འཁེལ་བྱས་པའི་ས་ཆུ་ཤོར་རིགས་ལ་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་བཀོད་སྒྲིག་བྱས་པ་ཞིག་ཡིན།

    ས་ཆུ་སྲུང་འཛིན་གྱི་འཆར་འགོད་བཟོ་བར་ངེས་པར་དུ་རིག་པས་ཁུངས་སྐྱེལ་ཡག་པོ་བྱེད་དགོས་ཁར། འབྲེལ་ཡོད་སྡེ་ཚན་དང་། ཆེད་ལས་མཁས་དབང་། དེ་བཞིན་སྤྱི་དམངས་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

    དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་ཆུ་སྲུང་འཛིན་གྱི་འཆར་འགོད་བཟོས་ནས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་དེས་དབང་བསྐུར་བའི་སྡེ་ཚན་ལ་ཆོག་མཆན་ཞུས་རྗེས་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྒྲིག་འཛུགས་ལག་བསྟར་བྱེད་དགོས་པ་མ་ཟད། རང་ལས་རིམ་པ་གཅིག་གིས་མཐོ་བའི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

    ས་ཆུ་སྲུང་འཛིན་གྱི་འཆར་འགོད་ལ་ཆོག་མཆན་ཐོབ་རྗེས་ངེས་པར་དུ་ལག་བསྟར་ནན་པོ་བྱེད་དགོས། དེར་བཟོ་བཅོས་རྒྱག་དགོས་ཚེ་ངེས་པར་དུ་འཆར་འགོད་བཟོ་བའི་གོ་རིམ་གཞིར་བཟུང་། དེ་སྔའི་ཆོག་མཆན་སྤྲོད་མཁན་ལས་ཁུངས་ལ་ཆོག་མཆན་ཞུ་དགོས།

    དོན་ཚན་བཅོ་ལྔ་པ། འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཏེར་རྫས་ཐོན་ཁུངས་གསར་སྤེལ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ཀྱི་འཆར་འགོད་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ས་ཆུ་ཤོར་ཉེན་ཡོད་རིགས་ལ་འཆར་འགོད་བཟོ་འགོད་བྱེད་མཁན་ལས་ཁུངས་ཀྱིས་ངེས་པར་དུ་འཆར་འགོད་ནང་ས་ཆུ་སྲུང་འཛིན་བྱ་རྒྱུའི་དོན་ཚན་ཆེད་མངགས་ལོགས་སུ་བཟོས་ནས། ས་ཆུ་ཤོར་རིགས་ལ་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་ཐབས་ཇུས་དང་བྱ་ཐབས་འདོན་དགོས་པ་མ་ཟད། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་མོས་མཐུན་ཐོབ་རྗེས་གཞི་ནས་འཆར་འགོད་ཀྱི་མཆན་འགོད་འགྲོ་ལུགས་གཉེར་དགོས།

    ལེའུ་གསུམ་པ། སྔོན་འགོག

    དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་འཆར་འགོད་ལྟར་ས་རྒྱ་བསྡམས་ནས་སྲུང་སྐྱོབ་དང་རང་བཞིན་སླར་གསོ་ཡོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚན་པ་དང་མི་སྒེར་སྒྲིག་འཛུགས་ཀྱིས་ནགས་གསོ་རྩྭ་འདེབས་བྱས་ཐོག རྒྱུན་ཆད་མེད་པར་རྩི་ཤིང་གི་ཁེབས་རྒྱ་ཆེ་རུ་གཏོང་བ་དང་ཆུ་རྩ་གསོས་ནས་ས་ཆུ་ཤོར་རིགས་སྔོན་འགོག་དང་ཤོར་ཚད་ཆུང་དུ་གཏོང་དགོས།

    རྩྭ་ཐང་ལ་རྩྭ་ཁར་གཞིགས་ནས་ཕྱུགས་གྲངས་གཏན་འཁེལ་དང་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱས་ཏེ་རྩྭ་ར་ཉམས་ཞན་དང་བྱེ་འགྱུར་མི་འགྲོ་བ་བྱེད་དགོས།

    དོན་ཚན་བཅུ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་ས་ལེན་པ་དང་། བྱེ་མ་སྔོག་པ། རྡོ་གཤག་པ། གཏེར་ཁ་འདོན་པ་སོགས་བྱེད་དགོས་ཚེ་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཆུ་ཤོར་རིགས་ལ་སྔོན་འགོག་དང་ཤོར་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།

    གས་རྡིབ་དང་ཉིལ་ཉེན་ཆེ་བའི་ས་ཁུལ་དང་། རི་རུད་དང་ཆུ་རུད་ཐོན་སླ་བའི་ཁུལ་དུ་ས་ལེན་པ་དང་། བྱེ་མ་སྔོག་པ། རྡོ་གཤག་པ། གཏེར་ཁ་འདོན་པ་སོགས་ས་ཆུ་ཤོར་ཉེན་བཟོ་སྲིད་པའི་བྱ་སྤྱོད་རིགས་བཀག་སྡོམ་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་གས་རྡིབ་དང་ཉིལ་ཉེན་ཆེ་བའི་ས་ཁུལ་དང་། རི་རུད་དང་ཆུ་རུད་ཐོན་སླ་བའི་ཁུལ་གྱི་ས་ཁོངས་གཏན་འབེབས་བྱེད་པ་དང་སྦྲགས་སྤྱི་བསྒྲགས་སྤེལ་དགོས། གས་རྡིབ་དང་ཉིལ་ཉེན་ཆེ་བའི་ས་ཁུལ་དང་། རི་རུད་དང་ཆུ་རུད་ཐོན་སླ་བའི་ས་ཁུལ་དབྱེ་ཞིབ་གཏན་འཁེལ་བྱ་རྒྱུ་དེ་ངེས་པར་དུ་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་འཆར་འགོད་ནང་གཏན་འཁེལ་བྱས་པའི་ས་གཤིས་གནོད་འཚེ་ཐོན་སླ་བའི་ཁུལ་དང་གཙོ་གནད་འགོག་བཅོས་བྱེད་ཁུལ་དང་ཕན་ཚུན་འབྲེལ་མཐུད་ཐུབ་པ་བྱེད་དགོས།

    དོན་ཚན་བཅོ་བརྒྱད་པ། “ས་ཆུ་ཤོར་ཚབས་ཆེ་བ་དང་སྐྱེ་ཁམས་ཉམས་ཞན་གྱི་ས་ཁོངས་སུ་ས་ཆུ་ཤོར་ཉེན་ཡོད་པའི་ཐོན་སྐྱེད་འཛུགས་སྐྲུན་གྱི་བྱེད་སྒོ་སྤེལ་རིགས་གཏན་འགོག་བྱེད་དགོས། རྒྱལ་ཁབ་གོང་འཕེལ་གཏོང་བའི་འཐབ་ཇུས་དང་རྒྱལ་ཇུས་དམངས་འཚོའི་དབང་གིས་འཛུགས་སྐྲུན་བྱེད་དགོས་ཕྱིན། ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱེད་དགོས་པ་མ་ཟད། ཁྲིམས་བཞིན་ཞིབ་མཆན་འགོད་པའི་འགྲོ་ལུགས་འགྲིམ་དགོས་པ་དང་། ཟིང་འཚུབ་ཡོང་གཞིའི་ཁྱབ་ཁོངས་ལ་ཚོད་འཛིན་ནན་པོ་བྱེད་དགོས།

    དོན་ཚན་བཅུ་དགུ་པ། ཐོན་སྐྱེད་འཛུགས་སྐྲུན་གྱི་རྣམ་གྲངས་རྒྱག་ས་འདེམས་རྒྱུ་དང་ཐིག་རིས་གཏོང་སྐབས་ངེས་པར་དུ་ས་ཆུ་ཤོར་རིགས་གཙོ་གནད་སྔོན་འགོག་བྱེད་ཁུལ་དང་གཙོ་གནད་བཅོས་སྐྱོང་བྱེད་ཁུལ་དུ་མི་འཁེལ་བ་བྱེད་དགོས། གཡོལ་ཐབས་མེད་ཚེ་ངེས་པར་དུ་རིམ་མཚུངས་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱས་ཏེ་ས་ཆུ་ཤོར་རིགས་ལ་འགོག་བཅོས་བྱ་རྒྱུའི་ཚད་གཞི་མཐོ་རུ་གཏོང་བ་དང་། ལས་གྲྭའི་གཏན་འཇགས་སམ་ཡང་ན་གནས་སྐབས་ཀྱི་ས་ཆ་བཟུང་ཁྱོན་ཆུང་དུ་གཏོང་བ། ལས་གྲྭའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ཐོག་ཨར་ལས་བཟོ་རྩལ་ལེགས་བཅོས་བཏང་ནས་ས་ངོས་ལ་གཏོར་སྐྱོན་དང་སྐྱེ་དངོས་ལ་གནོད་འཚེ་ཕོག་ཁྱོན་ཆུང་དུ་གཏོང་བ། ད་ཡོད་ཀྱི་ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་སྲུང་སྐྱོབ་བཅས་བྱས་ཏེ་ས་ཆུ་ཤོར་ཉེན་ཡོད་རིགས་ཚོད་འཛིན་ནུས་ལྡན་ཐུབ་པ་བྱེད་དགོས།

    དོན་ཚན་ཉི་ཤུ་པ། རི་ཁུལ་དང་། རི་མ་ཐང་། བྱེ་རླུང་མང་བའི་ས་ཁོངས། དེ་བཞིན་ས་ཆུ་སྲུང་འཛིན་འཆར་འགོད་ནང་གཏན་འཁེལ་བྱས་པའི་ས་ཆུ་ཤོར་སླ་བའི་ས་ཁོངས་གཞན་དག་བཅས་ལ་ས་ཆུ་ཤོར་བཟོ་ཡོད་པའི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་གཉེར་དགོས་ཚེ། ཐོན་སྐྱེད་འཛུགས་སྐྲུན་ཚན་པས་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོས་ནས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ཞིབ་མཆན་ཞུ་དགོས་པ་མ་ཟད། ཆོག་མཆན་ཐོབ་པའི་ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་གཞིགས་ཏེ་ས་ཆུ་ཤོར་རིགས་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་བྱ་ཐབས་སྤྱོད་དགོས། ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོ་བའི་ནུས་པ་མེད་ཚེ་ངེས་པར་དུ་དེ་མཚུངས་ཀྱི་ལག་རྩལ་ཆ་རྐྱེན་ཡོད་པའི་ལས་ཁུངས་ལ་ཇུས་གཞི་བཟོ་རྒྱུའི་མངགས་བཅོལ་བྱེད་དགོས།

    ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་སྙན་ཞུའི་ཡི་གེ་དང་སྙན་ཞུའི་རེའུ་མིག་ཁག་གཉིས་སུ་དབྱེ་ཡོད་ཅིང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་ཕྲའི་བཟོ་སྒྲིག་བླང་བྱ་ལག་བསྟར་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། ཁྲིམས་བཞིན་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོ་དགོས་ཕྱིན། ཐོན་སྐྱེད་འཛུགས་སྐྲུན་ཚན་པས་ངེས་པར་དུ་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ལས་འགོ་མ་ཚུགས་གོང་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོ་འབུལ་བྱེད་དགོས་པ་མ་ཟད་ཆོག་མཆན་འགོད་པའི་འགྲོ་ལུགས་ཀྱང་གཉེར་དགོས། ཐོན་སྐྱེད་འཛུགས་སྐྲུན་ཚན་པས་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོས་མེད་པའམ་ཡང་ན་ས་ཆུ་སྲུང་འཛིན་ཇུས་གཞིར་ཆོག་མཆན་ཐོབ་མེད་ཚེ། ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ལས་འགོ་འཛུགས་མི་ཆོག

    དོན་ཚན་ཉེར་གཉིས་པ། ཁྲིམས་ལྟར་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོ་དགོས་པའི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ལ་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཁོར་ཡུག་ལ་གནོད་འཚེ་ཇི་ཡོང་ཚོད་སྐོར་གྱི་ཡིག་ཆར་ཞིབ་མཆན་སྤྲོད་སྐབས་ངེས་པར་དུ་དེའི་ས་ཆུ་སྲུང་འཛིན་གྱི་ཇུས་གཞིའི་ཞིབ་མཆན་འགྲོ་ལུགས་ལ་ཞིབ་དཔྱད་བྱེད་དགོས། ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་མེད་ན་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་དེ་ལས་འགོ་འཛུགས་མི་ཆོག

    དོན་ཚན་ཉེར་གསུམ་པ། ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་ཆོག་མཆན་ཐོབ་རྗེས་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་སྤེལ་ཡུལ་དང་། གཞི་ཁྱོན། ས་ཆུ་སྲུང་འཛིན་བྱེད་ཐབས་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཚེ། ཐོན་སྐྱེད་འཛུགས་སྐྲུན་ཚན་པས་ངེས་པར་དུ་ཁྲིམས་བཞིན་ས་ཆུ་སྲུང་འཛིན་གྱི་ཇུས་གཞིའི་ནང་དོན་ཁ་སྐོང་བྱེད་པའམ་ཡང་ན་བཟོ་བཅོས་བརྒྱབ་སྟེ། དེ་སྔའི་ཞིབ་མཆན་འགོད་མཁན་སྡེ་ཚན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བྱེད་དགོས།

    ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་ཆོག་མཆན་ཐོབ་ཉིན་ནས་བཟུང་ལོ་3ཐིམ་མཚམས་སུ། ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་སྤེལ་མཁན་ཕྱོགས་དེས་འཛུགས་སྐྲུན་བྱེད་འགོ་ཚུགས་ཚེ། དེའི་ས་ཆུ་སྲུང་འཛིན་ཇུས་གཞིར་ངེས་པར་དུ་ཁྲིམས་བཞིན་དེ་སྔའི་ཞིབ་མཆན་འགོད་མཁན་སྡེ་ཚན་ལ་བསྐྱར་དུ་ཞིབ་དཔྱད་བྱ་རྒྱུར་འབུལ་དགོས།

    དོན་ཚན་ཉེར་བཞི་པ། ཁྲིམས་བཞིན་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོ་དགོས་པའི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ནང་གི་ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་རིགས་ངེས་པར་དུ་ལས་གྲྭ་ཨ་མ་དང་དུས་མཉམ་དུ་ཇུས་འགོད་དང་། བཟོ་སྐྲུན། བེད་སྤྱོད་བཅས་བྱེད་དགོས། ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ངེས་པར་དུ་ལྟ་སྐུལ་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས།

    ཐོན་སྐྱེད་འཛུགས་སྐྲུན་ཚན་པས་ངེས་པར་དུ་ཆོག་མཆན་ཐོབ་པའི་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་དང་འབྲེལ་ཡོད་ལག་རྩལ་ཚད་གཞི་ལྟར་ས་ཆུ་སྲུང་འཛིན་གྱི་ཐོག་མའི་ཇུས་འགོད་དམ་ཡང་ན་ཨར་ལས་དཔེ་རིས་འཆར་འགོད་བྱེད་དགོས་པ་མ་ཟད། ས་ཆུ་སྲུང་འཛིན་གྱི་ཇུས་གཞིའི་མཆན་འགོད་སྡེ་ཚན་ལ་སྙན་དཔོད་ཞུ་དགོས། ཐོག་མའི་ཇུས་འགོད་དམ་ཡང་ན་ཨར་ལས་དཔེ་རིས་ཇུས་འགོད་ལ་ཞིབ་བཤེར་བྱེད་སྐབས་ས་ཆུ་སྲུང་འཛིན་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་དེའི་ནང་ཞུགས་དགོས།

    དོན་ཚན་ཉེར་ལྔ་པ། ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་དངོས་སུ་ཐོན་སྐྱེད་མ་བྱས་གོང་། ཐོན་སྐྱེད་འཛུགས་སྐྲུན་ཚན་པས་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཚད་གཞི་དང་བླང་བྱ་གཞིར་བཟུང་། ས་ཆུ་སྲུང་འཛིན་སྒྲིག་བཀོད་རང་བརྟེན་གྱིས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དང་། ཞིབ་བཤེར་རྩིས་ལེན་བྱས་འབྲས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་མ་ཟད་ས་ཆུ་སྲུང་འཛིན་ཇུས་གཞིར་ཞིབ་མཆན་འགོད་མཁན་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས། ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་མ་ལོངས་ཚེ། ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་འཛུགས་མི་ཆོག

    དུས་བགོས་འཛུགས་སྐྲུན་བྱེད་པ་དང་དུས་བགོས་ཐོན་སྐྱེད་བྱེད་འགོ་འཛུགས་པའམ་ཡང་ན་བེད་སྤྱོད་པའི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་རིགས་ལ་དེའི་བབ་མཚུངས་ཀྱི་ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་ལ་ངེས་པར་དུ་དུས་བགོས་ཞིབ་བཤེར་རྩིས་ལེན་བྱེད་དགོས།

    དོན་ཚན་ཉེར་དྲུག་པ། ཁྲིམས་བཞིན་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོ་དགོས་པའི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་དེར་ངེས་པར་དུ་རྩི་ཤིང་སྔོ་ཁེབས་ཀྱི་གཏོར་བཤིག་ཕོག་ཚད་ཆུང་དུ་གཏོང་དགོས་ཤིང་། ཐོན་སྐྱེད་འཛུགས་སྐྲུན་བྱེད་པའི་ཁྲོད་བསྐྱུར་བའི་བྱེ་མ་དང་། རྡོ། ས། སོལ་མ་རྡོ། གཏེར་སྙིགས། སྙིགས་རོ་སོགས་ངེས་པར་དུ་ཕྱོགས་བསྡུས་བེད་སྤྱོད་བྱེད་དགོས། ཕྱོགས་བསྡུས་བེད་སྤྱོད་བྱེད་ཐབས་མེད་པར་བསྐྱུར་དགོས་རིགས་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་ཆེད་མངག་འཇོག་སར་འཇོག་དགོས་པ་མ་ཟད། དེ་མཚུངས་ཀྱི་འགོག་སྲུང་བྱ་ཐབས་སྤྱད་ནས་གནོད་འཚེ་གསར་པ་མི་ཐོན་པ་བྱེད་དགོས།

    དོན་ཚན་ཉེར་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་ལག་བསྟར་བྱས་ཚུལ་ལ་རྗེས་འདེད་ཞིབ་བཤེར་བྱེད་དགོས་ཤིང་། ཞིབ་བཤེར་བྱས་པའི་ནང་ས་ཆུ་སྲུང་འཛིན་གྱི་ཇུས་འགོད་དོན་འཁྱོལ་མི་བྱེད་པ་དང་། ཨར་ལས་དོན་འཁྱོལ་མི་བྱེད་པ། ཆེད་དམིགས་ཞིབ་བཤེར་རྩིས་ལེན་དོན་འཁྱོལ་མི་བྱེད་པ་སོགས་དང་། ཨར་ལས་ཀྱི་སྤུས་ཚད་གཏན་འབེབས་དང་མི་མཐུན་པ། དེ་བཞིན་ས་ཆུ་ཤོར་ཉེན་ཡོད་རིགས་བཅས་ལ་ངེས་པར་དུ་འབྲེལ་ཡོད་ཚན་པར་འཕྲལ་མར་ཐག་གཅོད་བྱེད་དུ་འཇུག་དགོས།

    ལེའུ་བཞི་པ། བཅོས་སྐྱོང་།

    དོན་ཚན་ཉེར་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་འཆར་འགོད་གཞིར་བཟུང་སྲིད་གཞུང་གིས་ཁྲིད་སྟོན་དང་། སྡེ་ཚན་དབར་མཉམ་འགུལ། སྤྱི་ཚོགས་ཀྱིས་ཐེ་ཞུགས། མང་ཚོགས་ལ་ཕན་པ་ཐོབ་པ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་གཙང་ཆུ་རྒྱུགས་ཁུལ་ཆུང་གྲས་ཚན་པར་བྱས་ཏེ་རི་དང་། ཆུ། ས་ཞིང་། ནགས་ཚལ། ལམ། གྲོག་རོང་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་བསྐྱར་གསོ་བྱེད་ནུས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་དགོས།

    དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཉེར་སྐྱོང་ལྟ་སྲུང་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་ལྟ་སྲུང་བྱེད་མཁན་དང་ལྟ་སྲུང་གི་འགན་འཁྲི་ཁ་གསལ་བཟོས་ནས་ས་ཆུ་སྲུང་འཛིན་གྱི་གཙོ་གནད་ལས་གྲྭ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པ་དང་རྒྱུན་གཏན་བཞིན་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས། ས་ཆུ་སྲུང་འཛིན་སྒྲིག་བཀོད་ཀྱི་བདག་དབང་དང་བེད་སྤྱོད་ཡོད་མཁན་གྱིས་ས་ཆུ་སྲུང་འཛིན་སྒྲིག་བཀོད་ལ་དོ་དམ་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་དེའི་ནུས་པ་རྒྱུན་གཏན་ལྟར་ཐོན་པ་བྱེད་དགོས།

    དོན་ཚན་སུམ་ཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ས་ཆུ་སྲུང་འཛིན་འཆར་འགོད་གཞིར་བཟུང་ས་ཆུ་ཤོར་རིགས་བཅོས་སྐྱོང་བྱེད་པའི་ནང་ཚན་པ་དང་མི་སྒེར་ཞུགས་རྒྱུའི་སྐུལ་མ་གཏོང་རྒྱུ་དང་འབྲེལ་ས་ཞིང་བརྒྱུད་བཤུག་དང་། མ་དངུལ། ལག་རྩལ་སོགས་ཐད་ནས་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཁྲལ་རིན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱང་ལོངས་སུ་སྤྱོད་ཆོག

    དོན་ཚན་སོ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་ཕན་འབྲས་གུན་གསབ་ལམ་སྲོལ་དང་། ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་གུན་གསབ་ཐེབས་རྩ་བཙུགས་ཏེ་གུན་གསབ་ཀྱི་ཁྱབ་ཁོངས་ཁ་གསལ་དང་གུན་གསབ་ཀྱི་བྱ་ཐབས་ཞིབ་ཕྲ་བཟོ་དགོས།

    དོན་ཚན་སོ་གཉིས་པ། ཆུའི་ཟད་སྐྱོན་ཕོག་ཁུལ་དུ་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཚན་པ་དང་མི་སྒེར་སྒྲིག་འཛུགས་བྱས་ནས་རང་བྱུང་གྲོག་རོང་དང་། དེའི་གཡས་གཡོན་གྱི་རི་ལྡེབས་སུ་ཆགས་པའི་ཆུ་ཕྲན་འབབ་རྒྱུད་ཚན་པར་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ལས་གྲྭ་སྐྲུན་པ་དང་། རྩི་ཤིང་འདེབས་འཛུགས་བྱེད་པ། སྲུང་སྐྱོབ་རང་བཞིན་གྱི་རྨོ་འདེབས་སོགས་ཀྱི་བྱ་ཐབས་སྤྱད་དེ་རི་ཞིང་དང་གྲོག་ཡུར་གྱི་ས་ཆུ་ཤོར་རིགས་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་དགོས།

    རླུང་གི་ཟད་སྐྱོན་ཕོག་ཁུལ་དུ་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཚན་པ་དང་མི་སྒེར་སྒྲིག་འཛུགས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་རྩྭ་ཁ་རེས་སྐོར་དང་ཕྱུགས་འཚོ་རེས་སྐོར་དང་། ཤིང་འཛུགས་རྩྭ་འདེབས། མི་བཟོས་བྱེ་འགོག་དང་དྲ་མིག་ཅན་གྱི་ནགས་ཚལ་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་རླུང་འགོག་བྱེ་འཇགས་ཀྱི་འགོག་སྲུང་མ་ལག་འཛུགས་དགོས།

    ལྗིད་ཤུགས་ཀྱི་ཟད་སྐྱོན་ཕོག་ཁུལ་དུ་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཚན་པ་དང་མི་སྒེར་སྒྲིག་འཛུགས་བྱས་ནས་ལྟ་ཞིབ་ཚད་ལེན་དང་། ཆར་ཆུ་བཤངས་ཁྲིད། ཟུར་སྐྱོར་ཉིལ་འགོག འགོག་སྲུང་ལས་གྲྭ་སྐྲུན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་གཏོང་བ། ཉེན་བརྡ་གཏོང་བ་བཅས་ཀྱི་མ་ལག་འཛུགས་དགོས།

    དོན་ཚན་སོ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙང་པོ་དང་ཆུ་བོའི་འགོ་ཁུངས་ཁུལ་དང་། འཐུང་ཆུའི་ཆུ་རྩ་སྲུང་སྐྱོང་ཁུལ། ཆུ་རྩ་གསོ་འཁྱོངས་ཁུལ་བཅས་ཀྱི་ས་ཆུ་ཤོར་རིགས་ལ་སྔོན་འགོག་དང་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཚན་པ་དང་མི་སྒེར་སྒྲིག་འཛུགས་བྱས་ཏེ་སྔོན་འགོག་སྲུང་སྐྱོང་དང་། རང་བཞིན་སླར་གསོ། ཕྱོགས་བསྡུས་བཅོས་སྒྲིག་བཅས་ཀྱི་བྱ་ཐབས་སྤྱད་ནས་ལེ་ལག་ཚང་བའི་རྩི་ཤིང་འཚག་གསིང་ཁུལ་སྐྲུན་པ་དང་། རྫབ་རླངས་ཁྱབ་གདལ་ཧུར་ཐག་གཏོང་བ། དྭངས་གཙང་གི་ཆུ་ཕྲན་འབབ་རྒྱུད་འཛུགས་སྐྲུན་བཅས་བྱས་ནས་རྫས་ལུད་དང་ཞིང་སྨན་བེད་སྤྱོད་གཏོང་རྒྱུ་ཚོད་འཛིན་ནན་པོ་བྱས་ཏེ་ས་ཆུ་ཤོར་བའི་རྐྱེན་གྱིས་ས་ངོས་སྦགས་བཙོག་ཤོར་རིགས་ཉུང་དུ་གཏོང་བ་དང་ཆུ་རྩ་སྲུང་སྐྱོང་བྱེད་དགོས།

    དོན་ཚན་སོ་བཞི་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆུ་སྲུང་འཛིན་བྱེད་པར་ངེས་པར་དུ་སྐྱེ་ཁམས་བྱེད་ཐབས་གཙོར་བཟུང་གིས་ནགས་རྩྭ་འདེབས་འཛུགས་དང་སྲུང་སྐྱོང་དང་། ས་འཇགས་གཟར་སྐྱོར་དང་། སྔོ་ཁེབས་སླར་གསོ། ཆར་ཆུ་འཁྱིལ་སིམ། ཆར་ཆུ་བེད་སྤྱོད་སོགས་ཀྱི་བཅོས་སྒྲིག་བྱ་ཐབས་སྤྱད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆུ་ཤོར་རིགས་ལ་འགོག་བཅོས་མ་ལག་འཛུགས་དགོས།

    དོན་ཚན་སོ་ལྔ་པ། ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་གཉེར་སྐྱོང་བྱེད་པའམ་ཡང་ན་ཐོན་སྐྱེད་འཛུགས་སྐྲུན་གྱི་ལས་སྒོ་གཞན་དག་སྤེལ་བའི་རྐྱེན་གྱིས་ས་ཆུ་ཤོར་རིགས་ངེས་པར་དུ་བཅོས་སྒྲིག་བྱེད་དགོས།

    ཐོན་སྐྱེད་འཛུགས་སྐྲུན་བྱེད་སྒོ་སྤྱད་པའི་ས་ཆའི་ས་ངོས་ལ་ངེས་པར་དུ་རིམ་བཤུ་དང་། ཉར་འཇོག བེད་སྤྱོད་བཅས་བྱས་ནས་ས་རྡོ་སྔོག་འདོན་དང་ཁོད་སྙོམས་དོ་མཉམ་པ་བྱས་ཏེ་ས་ངོས་ལ་ཟིང་འགུལ་ཐེབས་རྒྱ་ཆུང་དུ་གཏོང་དགོས། བེད་མེད་དུ་སྐྱུར་བའི་བྱེ་མ་དང་། རྡོ། ས། ཀན་རྡོ། གཏེར་སྙིགས། ཟོག་རོ་སོགས་འཇོག་ཁུལ་ལ་ངེས་པར་དུ་འགོག་སྒྲིབ་དང་། གཟར་ངོས་ཟོན་སྐྱོར། འབྲུབ་འགོག་བཤངས་ཁྲིད་སོགས་ཀྱི་ནུས་ལྡན་བྱ་ཐབས་སྤྱོད་དགོས། ཐོན་སྐྱེད་ལས་སྒོ་མཇུག་བསྒྲིལ་རྗེས་ངེས་པར་དུ་ས་ལེན་ས་དང་སྔོག་འདོན་བྱེད་ས། ཉར་འཇོག་བྱེད་ས་བཅས་ཀྱི་ས་ཆ་དང་། དེ་བཞིན་བཀག་སྦས་བྱས་པའི་གཏེར་སྙིགས་གསོག་མཛོད་ཁུལ་དུས་ཐོག་ཏུ་བསྐྱར་སྦོལ་བྱེད་དགོས་པ་དང་། ཡང་ན་ཤིང་འཛུགས་རྩྭ་འདེབས་སོགས་ཀྱི་བྱ་ཐབས་སྤྱད་དེ་སྔོ་ཁེབས་སླར་གསོ་ཐུབ་པ་བྱེད་དགོས།

    ཐན་སྐམ་དང་ཆུ་དཀོན་པའི་ས་ཁུལ་དུ་ཐོན་སྐྱེད་འཛུགས་སྐྲུན་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་རླུང་ཟད་འགོག་བཅོས་ཀྱི་བྱ་ཐབས་སྤྱད་དེ་ཆར་ཆུ་འཁྱིལ་སིམ་སྒྲིག་བཀོད་འཛུགས་པ་དང་། ཆར་ཆུ་འདུས་འཁྱིལ་བེད་སྤྱོད་ལས་གྲྭ་སྤེལ་ཏེ་ཆར་ཆུ་བེད་སྤྱོད་གང་ལེགས་བྱེད་དགོས།

    དོན་ཚན་སོ་དྲུག་པ། རི་ཁུལ་དང་། རི་མ་ཐང་། བྱེ་རླུང་ཁུལ། དེ་བཞིན་ས་ཆུ་སྲུང་འཛིན་གྱི་འཆར་འགོད་ནང་གཏན་འཁེལ་བྱས་པའི་ས་ཆུ་ཤོར་སླ་བའི་ས་ཁོངས་གཞན་དག་བཅས་སུ་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་སམ་ཡང་ན་ཐོན་སྐྱེད་འཛུགས་སྐྲུན་གྱི་ལས་སྒོ་གཞན་དག་སྤེལ་བའི་རྐྱེན་གྱིས་ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་དང་ས་ངོས་ཀྱི་སྔོ་ཁེབས་ལ་གཏོར་སྐྱོན་ཕོག་ཏེ་དེ་སྔའི་ས་ཆུ་སྲུང་འཛིན་གྱི་ནུས་པ་སླར་གསོ་མ་ཐུབ་ཚེ། ས་ཆུ་སྲུང་འཛིན་གྱི་གུན་གསབ་གྲོན་དངུལ་འཇལ་བ་དེ་ཆེད་མངགས་ས་ཆུ་ཤོར་རིགས་སྔོན་འགོག་དང་བཅོས་སྒྲིག་བྱེད་ཐད་སྤྱོད་དགོས། ས་ཆུ་ཤོར་རིགས་ཆེད་དོན་སྔོན་འགོག་དང་བཅོས་སྒྲིག་བྱ་རྒྱུ་དེ་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྒྲིག་འཛུགས་ལག་བསྟར་བྱེད་དགོས།

    ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་སྤེལ་རིང་ས་ཆུ་སྲུང་འཛིན་གྱི་གུན་གསབ་གྲོན་དངུལ་དེ་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་ནང་ནས་གཏོང་རྒྱུ། ཐོན་སྐྱེད་བྱེད་རིང་ས་ཆུ་སྲུང་འཛིན་གྱི་གུན་གསབ་གྲོན་དངུལ་དེ་ཐོན་སྐྱེད་ཀྱི་མ་དངུལ་ནང་ནས་གཏོང་རྒྱུ།

    ས་ཆུ་སྲུང་འཛིན་གྱི་གུན་གསབ་གྲོན་དངུལ་བསྡུ་རྒྱུའི་ཚད་གཞི་དང་བེད་སྤྱོད་དོ་དམ་བྱ་ཐབས་དེ་རང་སྐྱོང་ལྗོངས་ནོར་སྲིད་དང་། ཟོག་གོང་། ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་བཅས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བཟོ་རྒྱུ།

    ལེའུ་ལྔ་པ། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ།

    དོན་ཚན་སོ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་སྲུང་འཛིན་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུའི་ལས་ཀར་ཤུགས་སྣོན་རྒྱག་དགོས་ཤིང་། ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་ལས་ཁུངས་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་དང་། ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་ལས་ཀའི་གྲོན་དངུལ་འགན་ལེན་བྱས་ནས་སྲིད་གཞུང་གི་ཇུས་ཐག་གཅོད་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ། སྤྱི་བྱིངས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་བཅས་ཀྱི་ནང་ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་ལས་ཀའི་ནུས་པ་འདོན་དགོས།

    དོན་ཚན་སོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་། དེའི་ཁོངས་གཏོགས་ཀྱི་ཆེད་དོན་ས་ཆུ་སྲུང་འཛིན་ལྟ་ཞིབ་ཚད་ལེན་ལས་ཁུངས་ཀྱིས་ངེས་པར་དུ་ལྗོངས་ཡོངས་ཀྱི་ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་དྲ་བ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལྗོངས་ཡོངས་ཀྱི་ས་ཆུ་ཤོར་ཚུལ་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ས་ཆུ་ཤོར་སྟངས་དང་ཤོར་ཚུལ། འགྱུར་ལྡོག་འགྲོ་ཚུལ་བཅས་ལ་ཞིབ་འཇུག་བྱེད་དགོས།

    དོན་ཚན་སོ་དགུ་པ། ཁྲིམས་ལྟར་ས་ཆུ་སྲུང་འཛིན་གྱི་ཇུས་གཞིའི་སྙན་ཞུ་བཟོ་དགོས་པའི་ཐོན་སྐྱེད་འཛུགས་སྐྲུན་ཚན་པས་ངེས་པར་དུ་རང་ཉིད་དམ་ཡང་ན་ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་འོས་ཐོབ་ཡོད་པའི་ལས་ཁུངས་ལ་མངགས་བཅོལ་བྱས་ཏེ་ཐོན་སྐྱེད་འཛུགས་སྐྲུན་ལས་ཀ་བྱེད་པའི་རྐྱེན་གྱིས་ས་ཆུ་ཤོར་སྐྱོན་བྱུང་བར་ལྟ་ཞིབ་ཚད་ལེན་བྱེད་དགོས། ལྟ་ཞིབ་ཚད་ལེན་བྱས་ཚུལ་དེ་ངེས་པར་དུ་རྣམ་གྲངས་དེའི་ས་ཆུ་སྲུང་འཛིན་གྱི་ཇུས་གཞིའི་མཆན་འགོད་སྡེ་ཚན་ལ་དུས་བཀག་ནང་སྙན་ཞུ་འབུལ་དགོས་པ་དང་། དུས་མཚུངས་རྣམ་གྲངས་དེ་གནས་སའི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་ཞུ་འབུལ་དགོས།

    ས་ཆུ་སྲུང་འཛིན་ཐད་ལྟ་ཞིབ་ཚད་ལེན་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལག་རྩལ་ཚད་གཞི་དང་། ཚད་འཛིན། སྒྲིག་སྲོལ་བཅས་ལ་སྲུང་བརྩི་ཞུས་ཏེ་ལྟ་ཞིབ་ཚད་ལེན་གྱི་སྤུས་ཚད་འགན་ལེན་བྱེད་དགོས་པ་དང་། ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་བསྐྲུན་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱེད་སྐབས་ངེས་པར་དུ་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་འབུལ་དགོས།

    དོན་ཚན་བཞི་ཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་ཆུ་སྲུང་འཛིན་ཐད་ཀྱི་ལྟ་ཞིབ་ཚད་ལེན་བྱས་ཚུལ་གཞིར་བཟུང་ལོ་5རེ་ནང་གཤམ་གསལ་གྱི་དོན་གནད་ཁག་སྤྱི་བསྒྲགས་སྤེལ་དགོས་པ་སྟེ།

    (གཅིག)ས་ཆུ་ཤོར་བའི་རིགས་གྲས་དང་། རྒྱ་ཁྱོན། ཤོར་ཚད། ཁྱབ་ཚུལ། འཕེལ་ཕྱོགས་བཅས་དང་།

    (གཉིས)ས་ཆུ་ཤོར་བ་ལས་བྱུང་བའི་གནོད་འཚེ།

    (གསུམ)ས་ཆུ་ཤོར་རིགས་སྔོན་འགོག་དང་བཅོས་སྒྲིག་བྱས་ཚུལ་བཅས་སོ།

    དམིགས་འཛུགས་ས་ཁོངས་སམ་ཡང་ན་དམིགས་འཛུགས་བྱ་ཡུལ་གྱི་ས་ཆུ་ཤོར་ཚུལ་དེ་སྐབས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ།

    དོན་ཚན་ཞེ་གཅིག་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་བྱེད་མཁན་ཚན་པས་ངེས་པར་དུ་རང་སྐྱོང་ལྗོངས་ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་ལས་ཁུངས་ལ་སྙན་དཔོད་ཞུ་དགོས།

    ལྟ་ཞིབ་ཚད་ལེན་ཚན་པས་ལྟ་ཞིབ་ཚད་ལེན་བྱ་ཐབས་དང་བྱེད་སྟངས་ཐད་ངེས་པར་དུ་རང་སྐྱོང་ལྗོངས་ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་ལས་ཁུངས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས་པ་དང་། ལྟ་ཞིབ་ཚད་ལེན་བྱས་འབྲས་དེར་ངེས་པར་དུ་རང་སྐྱོང་ལྗོངས་ས་ཆུ་སྲུང་འཛིན་ལྟ་ཞིབ་ཚད་ལེན་ལས་ཁུངས་ཀྱི་ཁས་ལེན་ཐོབ་དགོས།

    དོན་ཚན་ཞེ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆུ་སྲུང་འཛིན་ཐད་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དེ་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དང་། གནམ་གཤིས་ལྟ་ཞིབ་ཚད་ལེན། ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན། ས་ཆ་བེད་སྤྱོད་ཀྱི་ལྟ་ཞིབ་ཚད་ལེན། བྱེ་འགྱུར་གྱི་ལྟ་ཞིབ་ཚད་ལེན་བཅས་བྱ་རྒྱུ་དང་མཉམ་ལས་དང་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་ལས་ཁུངས་ཀྱི་སྔོན་བརྡ་གཏོང་བའི་ཆུ་ཚད་དང་། ཚབས་ཆེའི་ས་ཆུ་ཤོར་སྐྱོན་གྱི་དོན་རྐྱེན་ལ་འཕྲལ་མྱུར་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།

    དོན་ཚན་ཞེ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ས་ཆུ་སྲུང་འཛིན་གྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་འགན་འཁུར་རྒྱུ།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གཤམ་གསལ་གྱི་དོན་གནད་ཁག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་སྟེ།

    (གཅིག)ས་ཆུ་སྲུང་འཛིན་གྱི་ཇུས་གཞི་སྙན་སེང་མཆན་འགོད། འགྱུར་ལྡོག་སོགས་ཀྱི་འགྲོ་ལུགས་གཉེར་ཚུལ་དང་།

    (གཉིས)ས་ཆུ་སྲུང་འཛིན་གྱི་ཐོག་མའི་ཇུས་འགོད་དང་ཨར་ལས་རི་མོའི་ཇུས་འགོད་དོན་འཁྱོལ་བྱས་ཚུལ།

    (གསུམ)ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་ཀྱི་ཨར་སྐྲུན་གན་རྒྱ་དོན་འཁྱོལ་བྱས་ཚུལ་དང་། ལས་གྲྭའི་འཕེལ་རིམ།

    (བཞི)ས་ཆུ་སྲུང་འཛིན་གྱི་ཨར་ལས་ལ་ལྟ་སྡོམ་དང་ལྟ་ཞིབ་ཚད་ལེན་བྱས་ཚུལ།

    (ལྔ)ས་ཆུ་སྲུང་འཛིན་གྱི་གྲོན་དངུལ་འཇལ་ཚུལ།

    (དྲུག)ཐོན་སྐྱེད་འཛུགས་སྐྲུན་ཚན་པའི་ས་ཆུ་སྲུང་འཛིན་གྱི་དོ་དམ་གནས་ཚུལ།

    (བདུན)ས་ཆུ་སྲུང་འཛིན་གྱི་ནུས་ཕྱོད་དང་འབྲེལ་བ་ཡོད་པའི་གནས་ཚུལ་བཅས་སོ། །

    ས་ཆུ་ཤོར་སྐྱོན་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་རིགས་ཐེར་འདོན་བྱས་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཕྲལ་མར་བརྟག་དཔྱད་བྱས་ཏེ་ཐག་གཅོད་བྱེད་དགོས།

    དོན་ཚན་ཞེ་བཞི་པ། ས་ཆུ་སྲུང་འཛིན་གྱི་ལྟ་སྐུལ་ཞིབ་བཤེར་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་སྐབས་ཉུང་མཐར་ཡང་མི་2ཡན་དགོས་པ་མ་ཟད། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྲད་པའི་སྲིད་འཛིན་ཁྲིམས་སྒྱུར་ལག་ཁྱེར་སྟོན་དགོས། ཞིབ་བཤེར་བྱ་ཡུལ་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་གཞོགས་འདེགས་གང་ལེགས་བྱེད་དགོས་པ་ལས་ལྟ་སྐུལ་ཞིབ་བཤེར་པས་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་དང་ལེན་མི་བྱེད་པའམ་ཡང་ན་འགོག་རྐྱེན་བཟོ་མི་ཆོག

    དོན་ཚན་ཞེ་ལྔ་པ། ས་ཆུ་སྲུང་འཛིན་གྱི་ལྟ་སྐུལ་ཞིབ་བཤེར་པས་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁྲི་སྒྲུབ་སྐབས་གཤམ་གསལ་གྱི་བྱ་ཐབས་ཁག་སྤྱོད་དབང་ཡོད་པ་སྟེ།

    (གཅིག)ཞིབ་བཤེར་བྱ་ཡུལ་ཚན་པའམ་མི་སྒེར་ལ་འབྲེལ་ཡོད་ཡིག་ཆ་དང་ལག་ཁྱེར་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན་ཆོག་པ་དང་།

    (གཉིས)ཞིབ་བཤེར་བྱ་ཡུལ་ཚན་པའམ་མི་སྒེར་ལ་ས་ཆུ་ཤོར་རིགས་སྔོན་འགོག་དང་བཅོས་སྒྲིག་བྱེད་པའི་འབྲེལ་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས་པའི་རེ་བ་བཏོན་ཆོག་པ།

    (གསུམ)ལས་ཡུལ་དངོས་ལ་ཞིབ་བཤེར་དང་དཔང་རྟགས་ལེན་པ་བཅས་སོ།

    ཞིབ་བཤེར་བྱ་ཡུལ་ཚན་པའམ་མི་སྒེར་གྱིས་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་མི་བྱེད་པར་ས་ཆུ་ཤོར་སྐྱོན་ཚབས་ཆེན་བཟོས་པར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་ཞུ་ཕུལ་ཏེ་ཆོག་མཆན་ཐོབ་རྗེས་ཁྲིམས་ལྟར་སྒོ་རྒྱག་ཏུ་འཇུག་རྒྱུ་དང་། ཁྲིམས་འགལ་བྱེད་སྤྱོད་ཀྱི་ཡོ་བྱད་དང་། ཨར་ལས་འཕྲུལ་ཆས། སྒྲིག་བཀོད་སོགས་བཀག་ཉར་བྱ་རྒྱུ།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཞེ་དྲུག་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ཉིལ་རྡིབ་གས་ཉེན་ཆེ་བའི་ས་ཁུལ་ལམ་ཡང་ན་ཆུ་རུད་ཡོང་སླའི་ས་ཁུལ་དུ་ས་ལེན་པ་དང་། བྱེ་མ་སྔོག་པ། རྡོ་གཤག་པ། གཏེར་ཁ་འདོན་པ་སོགས་ས་ཆུ་ཤོར་ཉེན་གྱི་ལས་སྒོ་སྤེལ་བར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་བཏང་སྟེ་མི་སྒེར་ལ་སྒོར་1000ཡན་ནས་ཁྲི་1མན་གྱི་དངུལ་ཆད་འགེལ་རྒྱུ་དང་ཚན་པར་སྒོར་ཁྲི་2ཡན་ནས་ཁྲི་20མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་ཞེ་བདུན་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་གང་རུང་ཞིག་ཡོད་པར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། དུས་བཀག་ཉིན་60ནང་ཚུན་དུ་འགྲོ་ལུགས་གསབ་གཉེར་བྱེད་དུ་འཇུག་རྒྱུ། དུས་བཀག་ལས་བརྒལ་ཏེ་འགྲོ་ལུགས་གསབ་གཉེར་མི་བྱེད་མཁན་ལ་སྒོར་ཁྲི་5ཡན་ནས་ཁྲི་50མན་གྱི་དངུལ་ཆད་འགེལ་རྒྱུ། ཐོན་སྐྱེད་འཛུགས་སྐྲུན་ཚན་པའི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་སྟེ།

    (གཅིག)ཁྲིམས་ལྟར་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོ་དགོས་པའི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་དེར་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་བཟོས་མེད་པའམ་ཡང་ན་བཟོ་འགོད་བྱས་པའི་ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་ཆོག་མཆན་མ་ཐོབ་པར་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱས་པའི་རིགས་དང་།

    (གཉིས)ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་གནས་ས་དང་དེའི་གཞི་ཁྱོན་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡང་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་ཁ་གསབ་དང་བཟོ་བཅོས་བྱས་མེད་པའམ་ཡང་ན་ཁ་གསབ་དང་བཟོ་བཅོས་བྱས་པའི་ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་དེ་སྔའི་མཆན་འགོད་ལས་ཁུངས་ནས་ཆོག་མཆན་ཐོབ་མེད་པའི་རིགས།

    (གསུམ)ས་ཆུ་སྲུང་འཛིན་གྱི་ཇུས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་དེ་སྔའི་མཆན་འགོད་ལས་ཁུངས་ཀྱི་ཆོག་མཆན་མེད་པར་ས་ཆུ་སྲུང་འཛིན་གྱི་བྱེད་ཐབས་ལ་འགྱུར་བ་ཤུགས་ཆེན་བཏང་བའི་རིགས་བཅས་སོ།

    དོན་ཚན་ཞེ་བརྒྱད་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་ལ་ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཡང་ན་ཞིབ་བཤེར་ཚད་ལོན་བྱུང་མེད་ཀྱང་ཐོན་སྐྱེད་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་འཛུགས་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་ཚད་ལོན་མ་བྱུང་བར་ཐོན་སྐྱེད་བྱེད་མཚམས་འཇོག་ཏུ་འཇུག་པའམ་ཡང་ན་བེད་སྤྱོད་བྱེད་དུ་མི་འཇུག་པ་དང་སྦྲགས་སྒོར་ཁྲི་5ཡན་ནས་ཁྲི་50མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་ཞེ་དགུ་པ། བྱ་ཐབས་འདིའི་དོན་ཚན་ཞེ་བདུན་པ་དང་དོན་ཚན་ཞེ་བརྒྱད་པའི་ནང་གཏན་འབེབས་བྱས་པའི་དངུལ་ཆད་དེ་གཤམ་གསལ་གྱི་ཚད་གཞི་ལྟར་འགེལ་རྒྱུ་སྟེ།

    (གཅིག)ས་ཆ་བསྡུ་བཟུང་བྱས་ཁྱོན་རྨིད་ངོས་གྲུ་མ་ཁྲི་1མན་ནམ་ཡང་ན་སྔོག་བརྒྱངས་ས་རྡོ་རྨིད་ཤོ་གཟུགས་མ་སྤྱི་འབོར་ཁྲི་1མན་གྱི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་རིགས་ལ་སྒོར་ཁྲི་5ཡི་དངུལ་ཆད་འགེལ་རྒྱུ།

    (གཉིས)ས་ཆ་བསྡུ་བཟུང་བྱས་ཁྱོན་རྨིད་ངོས་གྲུ་མ་ཁྲི་1ཡན་ནས་ཁྲི་5མན་ནམ་ཡང་ན་སྔོག་བརྒྱངས་ས་རྡོ་རྨིད་རྒྱ་དཔངས་གྲུ་བཞི་མ་སྤྱི་འབོར་ཁྲི་1ཡན་ནས་ཁྲི་5མན་གྱི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་རིགས་ལ་སྒོར་ཁྲི་5ཡན་ནས་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ།

    (གསུམ)ས་ཆ་བསྡུ་བཟུང་བྱས་ཁྱོན་རྨིད་ངོས་གྲུ་མ་ཁྲི་5ཡན་ནས་ཁྲི་20མན་ནམ་ཡང་ན་སྔོག་བརྒྱངས་ས་རྡོ་རྨིད་རྒྱ་དཔངས་གྲུ་བཞི་མ་སྤྱི་འབོར་ཁྲི་5ཡན་ནས་ཁྲི་20མན་གྱི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་རིགས་ལ་སྒོར་ཁྲི་10ཡན་ནས་ཁྲི་20མན་གྱི་དངུལ་ཆད་འགེལ་རྒྱུ།

    (བཞི)ས་ཆ་བསྡུ་བཟུང་བྱས་ཁྱོན་རྨིད་གྲུ་བཞི་མ་ཁྲི་20ཡན་ནམ་ཡང་ན་ས་རྡོ་སྔོག་བརྒྱངས་རྨིད་རྒྱ་དཔངས་གྲུ་བཞི་མ་སྤྱི་འབོར་ཁྲི་20ཡན་གྱི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་རིགས་ལ་སྒོར་ཁྲི་20ཡན་ནས་ཁྲི་50མན་གྱི་དངུལ་ཆད་འགེལ་རྒྱུ་བཅས་སོ།

    དོན་ཚན་ལྔ་བཅུ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ས་ཆུ་སྲུང་འཛིན་གྱི་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་ཆེད་མངགས་ཉར་འཇོག་བྱེད་ས་ཕུད་པའི་ས་ཁོངས་སུ་བྱེ་རོ་དང་། རྡོ་རོ། ས་རོ། སོལ་མ་རྡོ། གཏེར་རོ་སོགས་སྐྱུར་འཇོག་བྱེད་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་དུས་བཀག་ནང་གཙང་སེལ་བྱེད་དུ་བཅུག་པའི་ཐོག་སྐྱུར་འཇོག་བྱས་འབོར་ལ་གཞིགས་ནས་རྨིད་རྒྱ་དཔངས་གྲུ་བཞི་མ་རེར་སྒོར་10ཡན་ནས་20མན་གྱི་དངུལ་ཆད་འགེལ་རྒྱུ་དང་། དུས་ཚད་ཡོལ་ཡང་སྔར་བཞིན་གཙང་སེལ་མ་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གཙང་སེལ་བྱེད་ནུས་ཡོད་པའི་ཚན་པར་གཙང་སེལ་བྱེད་དུ་འཇུག་རྒྱུ་དམིགས་འཛུགས་བྱས་ཆོག་ཅིང་། དེར་མཁོ་བའི་འགྲོ་གྲོན་རྣམས་ཁྲིམས་འགལ་བྱེད་སྤྱོད་མཁན་ལ་གཏོང་དུ་འཇུག་རྒྱུ།

    དོན་ཚན་ང་གཅིག་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ཐོན་སྐྱེད་ཀྱི་འཛུགས་སྐྲུན་རྣམ་གྲངས་འཛུགས་པའམ་ཡང་ན་ཐོན་སྐྱེད་ཀྱི་འཛུགས་སྐྲུན་ལས་སྒོ་གཞན་དག་སྤེལ་ནས་ས་ཆུ་ཤོར་སྐྱོན་བྱུང་ཡང་བཅོས་སྐྱོང་མི་བྱེད་པའི་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ནང་བཅོས་སྐྱོང་བྱེད་དུ་འཇུག་རྒྱུ་དང་། དུས་ཚོད་ཡོལ་ཡང་སྔར་བཞིན་བཅོས་སྐྱོང་མ་བྱས་ཚེ་བཅོས་སྐྱོང་བྱེད་ནུས་ཡོད་པའི་ཚན་པར་བཅོས་སྐྱོང་བྱེད་དུ་འཇུག་རྒྱུ་དམིགས་འཛུགས་བྱས་ཆོག་ཅིང་། དེར་མཁོ་བའི་འགྲོ་གྲོན་རྣམས་ཁྲིམས་འགལ་བྱེད་སྤྱོད་མཁན་ལ་གཏོང་དུ་འཇུག་རྒྱུ།

    ཁྲིམས་འགལ་བྱེད་སྤྱོད་ཡོད་མཁན་གྱིས་རྒྱུ་མཚན་མེད་པར་གཙང་སེལ་འགྲོ་གྲོན་ནར་འགྱངས་གཏོང་བའམ་ཡང་ན་བཅོས་སྐྱོང་གི་འགྲོ་གྲོན་མ་སྤྲད་ཚེ་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་མི་དམངས་ཁྲིམས་ཁང་ནས་བཙན་ཤེད་ཐོག་ནས་ལག་བསྟར་བྱ་རྒྱུའི་རེ་ཞུ་བཏོན་ཆོག

    དོན་ཚན་ང་གཉིས་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ས་ཆུ་སྲུང་འཛིན་གྱི་སྐྱིན་ཚབ་གྲོན་དངུལ་མི་འཇལ་མཁན་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ནང་འཇལ་སྤྲོད་བྱེད་དུ་འཇུག་རྒྱུ་དང་། དུས་ཚོད་ཡོལ་ཡང་འཇལ་སྤྲོད་མི་བྱེད་མཁན་ལ་འཇལ་འགྱངས་བྱས་ཉིན་ནས་བཟུང་ཉིན་རེར་ཁྲི་ཆ་ལྔའི་དུས་འགྱངས་ཆད་དངུལ་འཕར་བསྡུ་བྱས་ཏེ་འཇལ་སྤྲོད་བྱེད་དགོས་པའི་ས་ཆུ་སྲུང་འཛིན་གྱི་སྐྱིན་ཚབ་གྲོན་དངུལ་གྱི་ལྡབ་3མན་གྱི་དངུལ་ཆད་འགེལ་ན་འགྲིག

    དོན་ཚན་ང་གསུམ་པ། ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་དང་ལས་བྱས་ས་ཆུ་སྲུང་འཛིན་གྱི་ལས་དོན་སྒྲུབ་རིང་རང་འགན་ཟོལ་འཇོག་བྱེད་པ་དང་། དབང་ཆ་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་པར་ཉེས་གསོག་གི་ཚད་ལ་སླེབས་མེད་ཚེ་འབྲེལ་ཡོད་སྡེ་ཚན་ནས་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་མ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    ལེའུ་བདུན་པ། ཞར་བྱུང་།

    དོན་ཚན་ང་བཞི་པ། བྱ་ཐབས་འདི་2013ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།