རང་སྐྱོང་ལྗོངས་ཀྱིས་གསར་སྤེལ་ཁུལ(གླིང་ཁུལ)གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་ལྷ་སར་འཚོགས་པ།
ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཚེས་18ཉིན། རང་སྐྱོང་ལྗོངས་ཀྱིས་གསར་སྤེལ་ཁུལ(གླིང་ཁུལ)གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཀྲའོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གསར་སྤེལ་ཁུལ(གླིང་ཁུལ)ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་དང་། ཐོན་ལས་གཅིག་སྡུད་ཀྱི་ལས་སྟེགས་གལ་ཆེན། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྟེན་གལ་ཆེན་བཅས་རེད། གསར་སྤེལ་ཁུལ(གླིང་ཁུལ)གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྣོན་པ་དང་། ཞན་ཆ་དང་སྐྱོན་ཆ་སེལ་བ། ཚོང་འགུགས་མ་འདྲེན་ཚད་ལྡན་དུ་གཏོང་བ་བཅས་ལ་ཕན་པ་ཞིག་ཡིན་ལ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ནང་གང་མགྱོགས་ཞུགས་པའི་དགོས་མཁོའང་ཡིན་པས། དེས་ན་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་གཞི་ཁྱོན་དང་སྤུས་ཚད་དང་ཕན་འབྲས་གཉིས་མཉམ་འཛིན་དང་། རྣམ་གྲངས་རྐྱང་པ་སྒུག་འདྲེན་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཛུགས་གཏོད་གཉིས་མཉམ་སྒྲུབ། ཁོར་ཡུག་འགྲན་བསྡུར་དང་ཞབས་ཞུ་ལེགས་གཏོང་གཉིས་མཉམ་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དེ་བས་ཀྱང་སྣང་ཆེན་བྱེད་དགོས།
འཐབ་ཇུས་ལ་བརྟེན་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་བཟོ་འགོད་ཀྱི་གོ་སྐབས་དང་བསྟུན་ཁར། གསར་སྤེལ་ཁུལ(གླིང་ཁུལ)ཁག་གི་ཐོན་ཁུངས་རང་སྤུས་དང་། དམིགས་ཚད་ངེས་གནས། ཐོན་ལས་རྨང་གཞི། དགེ་མཚན་ཆེ་རིགས་བཅས་ལ་བརྟེན་ནས་མཐུན་སྦྱོར་མཉམ་འགུལ་དང་། ཐབས་སྒྱུར་འཕེལ་རྒྱས། ལེགས་ཆ་གསབ་རེས། ཕན་ཚུན་ཞབས་ཞུ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་གཏོད་དགོས། ཐོན་ལས་གཅིག་སྡུད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་ལྷག་པར་དུ་ཐོན་ལས་འཁོར་འབྲེལ་སྣུར་གསབ་དང་སྟོབས་ཆེར་གཏོང་རྒྱུར་དམིགས་ཏེ། གླིང་ཁུལ་གྱི་གཉེར་སྐྱོང་བྱེད་པོའི་རྒྱ་སྟོབས་ཆེ་རུ་གཏོང་དགོས། སྒྱུར་བཅོས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཆེད་ལས་ཅན་གྱི་དོ་དམ་དང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་སྟངས་མངོན་གསལ་དོད་དུ་གཏོང་བ་དང་ཆབས་ཅིག སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་བྱེད་ཐབས་གསར་གཏོད་བྱས་ནས་བོད་ཀྱི་དོན་དངོས་དང་མཐུན་པའི་གླིང་ཁུལ་འཕེལ་རྒྱས་གཏོང་ལམ་གཏོད་དགོས། རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གཉེར་སྐྱོང་བྱེད་པོར་མཁོ་བའི་རེ་འདོད་ལ་དམིགས་ཏེ་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་འབྲེལ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཤར་གཏོང་དང་འཁོར་རྒྱུག་ཐུབ་རྒྱུར་འགོག་རྐྱེན་བཟོ་བའི་འགག་གནད་བསལ་ནས་ཁེ་ལས་ལ་སེམས་བདེ་པོས་ཐོན་སྐྱེད་དང་བློ་བདེ་པོས་འཕེལ་རྒྱས་གཏོང་རྒྱུ་ཡོང་བར་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་ཁག་བགོས་ཁ་གསལ་བྱེད་པ། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་ཞིབ་དཔྱད་ལ་དམ་འཛིན་ནན་པོ་བཅས་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་ཏན་ཏིག་ཐོབ་པའི་འགན་ལེན་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ནས་ལྗང་མདོག་འཕེལ་རྒྱས་དང་། བདེ་འཇགས་ཐོན་སྐྱེད། སྲིད་གཙང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་སྔོན་འགོག་གི་མཐའ་ཚད་བརྟན་པོར་སྲུང་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།