དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-19

    ལེའུ་བཞི་པ། ཆུའི་ཐོན་ཁུངས་སྲུང་སྐྱོབ།

    དོན་ཚན་སུམ་ཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རིམ་མཚུངས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གཞན་དག་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གའི་ཆུའི་བྱེད་ནུས་ཁུལ་གྱི་དབྱེ་མཚམས་འཆར་གཞི་བཟོ་དགོས་པ་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བྱེད་དགོས་པ་མ་ཟད། རང་ལས་རིམ་པ་གཅིག་གིས་མཐོ་བའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    དོན་ཚན་སོ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཆུའི་བྱེད་ནུས་ཁུལ་གྱི་ཆུ་བོའི་བཙོག་དངོས་ཐེག་ནུས་ཞིབ་དཔྱད་གཏན་འཁེལ་བྱེད་དགོས་པ་མ་ཟད། རིམ་མཚུངས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆུའི་བྱེད་ནུས་ཁུལ་དེར་བཙོག་འབུད་སྤྱི་འབོར་ཚད་བཀག་གི་བསམ་འཆར་འདོན་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཆུའི་བྱེད་ནུས་ཁུལ་གྱི་ཆུའི་སྤུས་ཚད་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་། བཙོག་འབུད་ཀྱི་ཚད་མཐོ་ཤོས་ལས་བརྒལ་ཏེ་ཆུའི་སྤུས་ཀ་ཇེ་ཞན་དུ་འགྲོ་བའི་གནས་ཚུལ་ཤེས་ཚེ། ངེས་པར་དུ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་བཅོས་སྒྲིག་བྱ་ཐབས་སྤྱོད་དགོས་པ་དང་འབྲེལ། རིམ་མཚུངས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་འཁུར་མཁན་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

    དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་ཁུལ་གྱི་ལམ་ལུགས་འཛུགས་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་ཁུལ་གྱི་དབྱེ་མཚམས་གཏན་འཁེལ་བཟོས་ཏེ། མངོན་གསལ་དོད་པའི་མཚོན་རྟགས་འཛུགས་དགོས་པ་དང་འབྲེལ་སྤྱི་བསྒྲགས་སྤེལ་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཐུང་ཆུའི་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་ལ་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ལམ་སྲོལ་བཟོས་ནས་ཐོལ་བྱུང་དོན་རྐྱེན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

    དོན་ཚན་སོ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་ཁུལ་དང་འབྲོག་ཁུལ་གྱི་མི་ཕྱུགས་ཀྱི་འཐུང་ཆུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འཐུང་ཆུའི་ཆ་རྐྱེན་ལེགས་སུ་བཏང་ནས་འཐུང་ཆུ་གཙང་མ་ཡོང་བར་འགན་ལེན་བྱེད་དགོས།

    དོན་ཚན་སོ་བཞི་པ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱེད་ཁུལ་དུ་བཙོག་འབུད་མདོ་ཁ་བཟོ་མི་ཆོག

    ཆུ་བོ་དང་མཚེའུ་སོགས་ཆུ་རྒྱུད་དུ་ཆུ་སྙིགས་དང་བཙོག་ཆུ་གློད་དགོས་ཚེ། ངེས་པར་དུ་ཆུའི་ཕན་ནུས་ཁུལ་གྱི་བླང་བྱ་དང་གཏན་འབེབས་བྱས་པའི་བཙོག་ཆུ་གློད་པའི་ཚད་གཞི་དང་འཚམ་པར་བྱེད་དགོས། བདག་ཁོངས་དབང་ཆ་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

    གཙང་པོ་དང་མཚེའུ་ཡི་རྒྱུད་དུ་བཙོག་འབུད་མདོ་ཁ་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱེད་དགོས་ཚེ། ངེས་པར་དུ་བདག་ཁོངས་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད། ཁོར་ཡུག་སྲུང་སྐྱོབ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འཛུགས་སྐྲུན་རྣམ་གྲངས་དེ་གའི་ཁོར་ཡུག་ལ་གནོད་གཞི་ཅི་ཡོང་གི་ཞིབ་དཔྱད་ཡིག་ཆར་ཞིབ་མཆན་འགོད་འགན་འཁུར་དགོས།

    དོན་ཚན་སོ་ལྔ་པ། ཆུ་ལམ་དང་མཚེའུ་ཡི་དོ་དམ་བྱེད་ཁོངས་ནང་བྱེ་མ་སྔོག་འདོན་དང་། ས་ལེན་པ། དེ་བཞིན་གཏེར་ཁའི་ཐོན་ཁུངས་གཞན་དག་སྔོག་འདོན་བྱེད་དགོས་ཚེ། ངེས་པར་དུ་ས་གནས་དེ་གའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཁྲིམས་ལྟར་འཁྲོལ་འཛིན་ཞུ་དགོས་པ་དང་། སྡེ་ཚན་གཞན་དག་དང་འབྲེལ་བ་ཡོད་ཚེ། ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་ལྟར་གཉེར་སྒྲུབ་བྱེད་དགོས།

    དོན་ཚན་སོ་དྲུག་པ། ས་ངོས་ཀྱི་ཆུ་གསར་སྤེལ་བེད་སྤྱོད་བྱེད་སྐབས་ངེས་པར་དུ་ཆུ་བོའི་ལུགས་མཐུན་གྱི་རྒྱུག་ཚད་དང་། མཚེའུ་དང་ཆུ་མཛོད་ཀྱི་ལུགས་མཐུན་ཆུ་ཁ། ཆུའི་རང་བྱུང་གི་གཙང་འགྱུར་བྱེད་ནུས་བཅས་རྒྱུན་འཁྱོངས་ཐུབ་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་མི་ཕོག་པ་བྱེད་དགོས།

    དོན་ཚན་སོ་བདུན་པ། ཆུ་ལམ་གསར་སྦོལ་དང་འཁྱགས་རོམ་གསར་སྤེལ་བྱེད་མི་ཆོག ཆུ་ལམ་རྒྱུད་དུ་གྲམ་སྐོར་རྨོ་འདེབས་བྱེད་དགོས་ངེས་ཡིན་ཚེ། ངེས་པར་དུ་ཚན་རིག་དང་མཐུན་པའི་རིག་པས་ཁུངས་སྐྱེལ་བྱས་རྗེས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

    དོན་ཚན་སོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་འོག་ཆུ་སྔོག་འདོན་བཀག་སྡོམ་ཁུལ་དང་། ས་འོག་ཆུ་སྔོག་འདོན་ཚོད་འཛིན་ཁུལ་གྱི་དབྱེ་མཚམས་གཏན་འཁེལ་བཟོས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཁྱབ་བསྒྲགས་བྱེད་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་འོག་ཆུ་གསར་སྤེལ་བེད་སྤྱོད་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ས་འོག་ཆུ་སྔོག་འདོན་བྱེད་སྐབས་ངེས་པར་དུ་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་རན་པོ་བྱས་ཐོག ས་འོག་ཆུའི་ཆུ་ཁ་ལུགས་དང་མཐུན་པ་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། ས་འོག་ཆུའི་ཆུ་ཁ་དང་། འབོར་ཚད། སྤུས་ཚད་བཅས་ལ་བབ་བསྟུན་ལྟ་ཞིབ་བྱེད་དགོས།

    དོན་ཚན་སོ་དགུ་པ། ས་འོག་ཆུ་སྔོག་འདོན་བྱེད་མཁན་ཚན་པས་ངེས་པར་དུ་ཁྲོན་པའི་གཏིང་ཚད་དང་། བར་ཐག སྔོག་འདོན་བྱེད་ཚད་བཅས་ལུགས་མཐུན་གཏན་འཁེལ་བྱེད་དགོས་པ་མ་ཟད། ལོ་རེའི་ཟླ་12ཚེས་31ཉིན་གྱི་གོང་དུ་བདག་ཁོངས་ཀྱི་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ལོ་དེ་གའི་ཆུ་འཐེན་གནས་ཚུལ་དང་ལོ་འཁོར་རྗེས་མའི་ཆུ་འཐེན་འཆར་གཞིའི་གྲོས་འགོ་འདོན་དགོས།

    དོན་ཚན་བཞི་བཅུ་པ། གཏེར་ཁ་སྔོག་འདོན་བྱས་པའམ་ས་འོག་གི་ལས་གྲྭ་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་ས་འོག་གི་ཆུ་ཁ་དམའ་རུ་སོང་བ་དང་། ཆུར་སྦགས་བཙོག་བཟོ་བ། ཆུ་འགོ་སྐམ་པའམ་ས་རྡིབ་པ་བཅས་ཀྱི་གནས་ཚུལ་ཐོན་སྲིད་པས། གཏེར་ཁ་སྔོག་འདོན་བྱེད་མཁན་ཚན་པའམ་འཛུགས་སྐྲུན་ཚན་པས་ངེས་པར་དུ་སྔོན་འགོག་དང་གསབ་སྐྱོང་གི་བྱ་ཐབས་སྤྱོད་དགོས། མི་གཞན་གྱི་ཐོན་སྐྱེད་དང་འཚོ་བར་གྱོང་གུན་བཟོས་ཚེ་ཁྲིམས་ལྟར་སྐྱིན་གསབ་སྤྲོད་དུ་འཇུག་དགོས།

    དོན་ཚན་ཞེ་གཅིག་པ། ཆུའི་ལས་གྲྭ་སྲུང་སྐྱོབ་བྱེད་ཁུལ་ནང་ཆུའི་ལས་གྲྭ་འཁོར་སྐྱོད་བྱ་རྒྱུར་ཤུགས་རྐྱེན་བཟོ་བ་དང་ཆུའི་ལས་གྲྭའི་བདེ་འཇགས་ཐད་ལ་གནོད་འཚེ་བཟོ་བའི་གཏོར་བཤིག་དང་། ཁྲོན་པ་འདྲུ་བ། རྡོ་བཤགས་པ། ས་ལེན་པ་སོགས་ཀྱི་ལས་ཀ་སྤེལ་རྒྱུར་བཀག་སྡོམ་བྱེད་དགོས།

    ལེའུ་ལྔ་པ། ཆུ་དོན་གྱི་རྩོད་གཞི་ཐག་གཅོད་དང་ལྟ་སྐུལ་ཞིབ་བཤེར།

    དོན་ཚན་ཞེ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་ཆུ་དོན་གྱི་རྩོད་གཞི་སྔོན་འགོག་དང་བཀག་སྡོམ་བྱེད་དགོས།

    སྲིད་འཛིན་ཁུལ་ཁོངས་མི་འདྲ་བའི་དབར་ཆུ་དོན་གྱི་རྩོད་གཞི་ཐོན་ཚེ་ངེས་པར་དུ་གྲོས་མོལ་ཐག་གཅོད་བྱེད་དགོས་པ་དང་། གྲོས་མོལ་ཐག་གཅོད་མ་བྱུང་ཚེ་གོང་རིམ་མི་དམངས་སྲིད་གཞུང་ནས་ཁྲུན་གཅོད་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ཕྱོགས་གཉིས་ཀས་ངེས་པར་དུ་བརྩི་སྲུང་ལག་བསྟར་བྱེད་དགོས། ཚན་པའི་དབར་དང་། མི་སྒེར་དབར། ཚན་པ་དང་མི་སྒེར་གྱི་དབར་ཆུ་དོན་གྱི་རྩོད་གཞི་ཐོན་ཚེ། ངེས་པར་དུ་གྲོས་མོལ་ཐག་གཅོད་བྱེད་དགོས་པ་དང་། དོ་བདག་ནས་གྲོས་མོལ་བྱེད་འདོད་མེད་པའམ་ཡང་ན་གྲོས་འཆམ་མ་བྱུང་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་འདུམ་འགྲིག་བྱེད་རྒྱུའི་རེ་ཞུ་ཕུལ་ན་འགྲིག་ལ། ཐད་ཀར་མི་དམངས་ཁྲིམས་ཁང་ལ་དམངས་དོན་ཞུ་གཏུག་བརྒྱབ་ནའང་འགྲིག་ཅིང་། འབྲེལ་ཡོད་མི་དམངས་སྲིད་གཞུང་ངམ་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནས་འདུམ་འགྲིག་མ་ཐུབ་ཚེ། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཞུ་གཏུག་བརྒྱབ་ནའང་འགྲིག

    ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ངེས་པར་དུ་སོ་སོའི་ཤང་གྲོང་ནང་ཐོན་པའི་ཆུ་དོན་རྩོད་གཞི་དུས་ཐོག་ཏུ་འདུམ་འགྲིག་བྱེད་དགོས་པ་དང་། གོང་རིམ་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཆུ་དོན་རྩོད་གཞི་འདུམ་འགྲིག་བྱ་རྒྱུར་གཞོགས་འདེགས་བྱེད་དགོས། ཆུ་དོན་རྩོད་གཞི་ཐག་གཅོད་མ་བྱས་གོང་། དོ་བདག་ཕྱོགས་རྐྱང་པ་ནས་མིག་སྔའི་གནས་ཚུལ་ལ་འགྱུར་བ་གཏོང་མི་ཆོག

    དོན་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་རུ་ཁག་བཙུགས་ཏེ། དེའི་ཐད་ཀྱི་མི་སྣ་བསྐོ་སྒྲིག་བྱེད་པའི་ཐོག་ལམ་ལུགས་འཐུས་ཚང་བཙུགས་ནས་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་རུ་ཁག་ལ་དོ་དམ་བྱེད་འགན་འཁུར་དགོས།

    དོན་ཚན་ཞེ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཆུའི་ལས་གྲྭ་འཛུགས་སྐྲུན་དང་། ཆུ་བཤངས་འདྲེན། ཆུ་གྲོན་ཆུང་། ཆུ་བགོ་འགྲེམས་བཅས་ཀྱི་ཇུས་གཞི་དང་། དེ་བཞིན་གཏོང་འཐེན་གྱི་འཆར་གཞི་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཆུའི་བཅའ་ཁྲིམས་དང་བྱ་ཐབས་འདི་དང་འགལ་བའི་བྱེད་སྤྱོད་རིགས་ལ་ངེས་པར་དུ་ཁྲིམས་ལྟར་རྩད་གཅོད་ཐག་གཅོད་བྱེད་དགོས།

    དོན་ཚན་ཞེ་ལྔ་པ། ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་གྱིས་ལྟ་སྐུལ་ཞིབ་བཤེར་གྱི་འགན་ནུས་སྒྲུབ་སྐབས། ངེས་པར་དུ་སྲིད་འཛིན་ཁྲིམས་སྒྱུར་གྱི་ལག་ཁྱེར་བཏོན་ནས་ཁྲིམས་བཞིན་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

    དོན་ཚན་ཞེ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་དེའི་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་གྱིས་ཁྲིམས་བཞིན་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་གཤམ་གསལ་གྱི་བྱ་ཐབས་སྤྱོད་དབང་ཡོད་པ་སྟེ།

    (གཅིག) ཞིབ་བཤེར་བྱ་ཡུལ་ཚན་པར་འབྲེལ་ཡོད་ཀྱི་ཡིག་ཆ་དང་། ལག་ཁྱེར། དཔྱད་ཡིག་བཅས་འདོན་རྒྱུའི་བླང་བྱ་འདོན་དགོས་པ་དང་།

    (གཉིས) ཞིབ་བཤེར་བྱ་ཡུལ་ཚན་པར་འབྲེལ་ཡོད་དོན་གནད་ཁྲིམས་ལྟར་འགྲེལ་བཤད་རྒྱག་རྒྱུའི་བླང་བྱ་འདོན་དགོས་པ།

    (གསུམ) ཞིབ་བཤེར་བྱ་ཡུལ་ཚན་པའི་ཐོན་སྐྱེད་བྱེད་སར་བསྐྱོད་ནས་བརྟག་དཔྱད་དཔང་ལེན་བྱེད་དགོས་པ།

    (བཞི) ཞིབ་བཤེར་བྱ་ཡུལ་ཚན་པར་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཚམས་འཇོག་རྒྱུའི་བཀའ་གཏོང་བ་དང་འབྲེལ། ཁྲིམས་བཅད་ཀྱི་འོས་འགན་སྒྲུབ་ཏུ་འཇུག་དགོས་པ་བཅས་སོ།

    དོན་ཚན་ཞེ་བདུན་པ། ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་གྱིས་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་སྐབས། འབྲེལ་ཡོད་ཚན་པའམ་མི་སྒེར་གྱིས་ངེས་པར་དུ་གཞོགས་འདེགས་བྱས་ཏེ་གནས་ཚུལ་ཇི་མ་ཇི་བཞིན་ཞུ་དགོས་པ་མ་ཟད། འབྲེལ་ཡོད་ཀྱི་གཞི་གྲངས་དང་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་ལས་ཁས་ལེན་མི་བྱེད་པ་དང་། ནར་འགྱངས་གཏོང་བའམ་རྫུན་ཞུ་སོགས་བྱེད་མི་ཆོག་ལ། ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགོག་རྐྱེན་བཟོ་མི་ཆོག

    དོན་ཚན་ཞེ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་དེའི་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་སྐབས་རང་འགན་གཞན་ལ་དཀྲི་བའམ་ཁས་མི་ལེན་པ་སོགས་བྱེད་མི་ཆོག་ལ། འགན་དབང་གང་བྱུང་དུ་སྤྱོད་པའམ་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་སོགས་བྱེད་མི་ཆོག་པ་མ་ཟད། དབང་ཚད་ལས་བརྒལ་ནས་ཁྲིམས་སྒྱུར་ཡང་བྱེད་མི་ཆོག

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཞེ་དགུ་པ། བྱ་ཐབས་འདིའི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་བྱ་རྒྱུ།

    དོན་ཚན་ལྔ་བཅུ་པ། བྱ་ཐབས་འདིའི་དོན་ཚན་ཉེར་ལྔ་པའི་གཏན་འབེབས་དང་འགལ་ནས་ཆོག་མཆན་མ་ཐོབ་པར་ཆུ་འཐེན་གྱི་གཞི་རྒྱ་ཆེ་རུ་གཏོང་མཁན་རིགས་ལ། བདག་ཁོངས་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནས་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱ་རྒྱུའི་བཀའ་བཏང་སྟེ། དུས་བཀག་ནང་གསབ་སྐྱོང་གི་བྱ་ཐབས་སྤྱོད་པ་དང་འབྲེལ། སྒོར་ཁྲི་2ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་དེའི་ཆུ་འཐེན་འཁྲོལ་འཛིན་མེད་པར་བཟོ་རྒྱུ།

    དོན་ཚན་ང་གཅིག་པ། བྱ་ཐབས་འདིའི་དོན་ཚན་སོ་དགུ་པའི་གཏན་འབེབས་དང་འགལ་ནས་ལོ་འཁོར་གྱི་ཆུ་འཐེན་གནས་ཚུལ་སྙན་སེང་མི་ཞུ་བའི་རིགས་ལ། བདག་ཁོངས་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནས་དུས་བཀག་ནང་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་འབྲེལ། སྒོར་5000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་དེའི་ཆུ་འཐེན་འཁྲོལ་འཛིན་མེད་པར་བཟོ་རྒྱུ། ལོ་འཁོར་རྗེས་མའི་ཆུ་འཐེན་འཆར་གཞིའི་གྲོས་འགོ་སྙན་སེང་མི་ཞུ་བའི་རིགས་ལ། བདག་ཁོངས་དབང་ཆ་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནས་དུས་བཀག་ནང་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་དགོས་པ་མ་ཟད། སྒོར་5000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་བཅད་ན་འགྲིག

    དོན་ཚན་ང་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་དེའི་ཆུའི་སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་གྱིས་རང་འགན་ཟོལ་འཇོག་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱ་ཐབས་འདིའི་དོན་ཚན་ཞེ་བརྒྱད་པའི་གཏན་འབེབས་དང་འགལ་ཕྱིན། འབྲེལ་ཡོད་སྡེ་ཚན་གྱིས་དེའི་འགན་འཁུར་བ་གཙོ་བོ་དང་དེ་མིན་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་རྒྱུ་དང་། དོགས་ཡོད་ཉེས་གསོག་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་ནས་ཐག་གཅོད་བྱེད་རྒྱུ།

    ལེའུ་བདུན་པ། ཞར་བྱུང་།

    དོན་ཚན་ང་གསུམ་པ། རྒྱལ་སྤྱིའི་གཙང་པོ་རྒྱུག་ཁུལ་གསར་སྤེལ་དང་། བེད་སྤྱོད། སྲུང་སྐྱོབ་བཅས་བྱེད་དགོས་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

    ཕྱི་རྒྱལ་གྱི་རྩ་འཛུགས་སམ་ཡང་ན་མི་སྒེར་གྱིས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་མངའ་ཁོངས་ནང་དུ་ཆུ་འཐེན་བྱེད་སྒོ་སྤེལ་དགོས་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཞིབ་དཔྱད་ཐོབ་དགོས་པ་དང་འབྲེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུས་ནས་ཞིབ་མཆན་ཐོབ་པ་བྱེད་དགོས།

    དོན་ཚན་ང་བཞི་པ། བྱ་ཐབས་འདི་2013ལོའི་ཟླ་10ཚེས་1ཉིན་ནས་ལག་བསྟར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།