དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བ།

  •     སྤེལ་དུས།  2025-11-17

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་རང་རྟོགས་ཆེན་པོར་བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པའི་ཐད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་། རང་གི་ལས་གནས་དང་ཟུང་འབྲེལ་གྱིས་ལག་བསྟར་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། བརྗིད་ཆེའི་འཆར་གཞི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་འབད་འབུངས་ཆེན་པོས་རྩོམ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་མུའུ་ཡུང་ཝུན་གྱིས“མིག་སྔར་བོད་ནི་ལོ་རྒྱུས་ཐོག་གི་འཕེལ་རྒྱས་དུས་སྐབས་ཡག་ཤོས་སུ་གནས་ཡོད་པས་འཐབ་ཇུས་དང་གོ་སྐབས་མང་པོ་ལྡན་ཡོད་པ་མ་ཟད། སྲིད་ཇུས་ཀྱི་ཁེ་སྤོགས་ལས་རྒྱུན་མཐུད་ཕན་པ་ཐོབ་ནས་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་བར་མཐོངས་དང་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད། སླད་ཕྱིན་ང་ཚོས“དངོས་སྒྲུབ”ལ་དམ་པོར་དམིགས་ཏེ། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང་གཏན་འབེབས་བྱས་པའི་དམིགས་ཚད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་ནས་2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་བྱེད་པར་རྨང་གཞི་སྔར་བས་བརྟན་པོ་འདིང་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་ནི་ནང་མཁོ་ཆེ་རུ་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་འཕར་བའི་ནང་སྐྱེས་སྒུལ་ཤུགས་ཀྱང་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས་ཞེས་བཏོན་ཡོད་པས། ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གཞོན་པ་སུང་ཀྲེན་ཤིང་གིས“ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཉིང་ཁྲིའི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ཁུངས་ལ་གཞི་ཚུགས་ནས། ཕྱི་ཕྱོགས་ཚོང་དོན་གྱི་སྲིད་ཇུས་དང་བྱེད་ཐབས་རྒྱུན་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་བྱེད་པོ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ། ཉིང་ཁྲིའི་ཀུ་ཤུ་དང་ཁ་ཆེ་ཤ་སྐམ་སོགས་རང་ཐོན་དངོས་ཟོག་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་གྲངས་འབོར་མང་དུ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཚོང་དོན་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཞན་ཆར་དམིགས་ཏེ་ཚོང་ལས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་དོན་ཟོག་འགྲེམས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲེམས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་ཧུར་ཐག་འཛུགས་པ་བཅས་བྱས་ཏེ་ཟོག་འགྲེམས་མ་གནས་སྔར་བས་དམའ་རུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡིན”ཞེས་བརྗོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཁྲེན་ཅིན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྩི་སྲུང་བྱས་ཏེ《ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་རྩ་གནད》ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་བ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་འཆར་འགོད་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པ། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་དགོས་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱེད་ཟབ་ཏུ་བཏང་ནས་རང་སྐྱོང་ལྗོངས་ཀྱི“སྐོར་གཅིག་དང་། ལྟེ་གཅིག རྒྱུད་གཉིས། ཁུལ་གསུམ”བཅས་ཀྱི་འཕེལ་རྒྱས་རྣམ་པ་དང་རང་འགུལ་ངང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁུལ་ཁོངས་མཐུན་སྦྱོར་དང་དམངས་འཚོ་ལེགས་སུ་གཏོང་བར་སྤྱི་འདོམས་བྱེད་པ། ལས་ཞུགས་འབབ་འཕར་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་དམིགས་པ་བཅས་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས། འབད་བརྩོན་ཆེན་པོས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དཔའ་ངར་ཆེན་པོས་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པ་བྱེད་དགོས་ཞེས་བརྗོད་པ་རེད།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་དཔལ་གླིང་གྲོང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྐོར་གྱི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། སྒྲོག་འགྲེལ་པས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། བརྗོད་བྱའི་སྙིང་པོ། ལག་ལེན་གྱི་བླང་བྱ་བཅས་ལ་དམིགས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་གྲོང་གསེབ་དར་རྒྱས་སོགས་ཡུལ་མིས་དོ་ཁུར་བྱེད་པའི་གླེང་གཞི་དང་ཟུང་འབྲེལ་གྱིས“ཉེ་འགྲམ་གྱི་གཏམ་རྒྱུད”ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་སོགས་ཀྱི་བཀོད་སྒྲིག་གསལ་འགྲེལ་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དེ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་མི་སེམས་ལ་ཟུག་ཐུབ་པར་བྱས་ཡོད། དཔལ་གླིང་གྲོང་ཚོའི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་དཔལ་གླིང་གྲོང་ཚོས“ཞིང་ཁའི་སློབ་ཁང”དང“དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱས་པ”སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གི་འབྲས་བུ་དེ་དངོས་སྒྲུབ་ཀྱི་སྒུལ་ཤུགས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་དར་རྒྱས་དང་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱིས་ཁ་གསལ་བཟོས་པའི་འཕེལ་རྒྱས་ཁ་ཕྱོགས་ལ་དམིགས་ཏེ“གསར་གཏོད་དང་། རང་འགུལ། ཚད་ལྡན། མཐུན་སྦྱོར། ཞིབ་ཕྲ། དངོས་སྒྲུབ”བཅས་ཀྱི་ཉེན་རྟོག་ལས་དོན་གྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་འགན་སྒྲུབ་པའི་ལག་ལེན་ཁྲོད་མཉམ་འདྲེས་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་དོ་དམ་ནན་པོ་དང་ཉེན་རྟོག་པ་ནན་པོ་སྐྱོང་བར་དམ་འཛིན་ཏན་ཏིག “ཆེད་ལས་དང་། ལམ་སྲོལ། གཞི་གྲངས་ཆེན་པོ་བཅས་ཟུང་དུ་འབྲེལ་བའི”ཉེན་རྟོག་ལས་དོན་གྱི་རྣམ་པ་གསར་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ཁྲོམ་རའི་བྱེད་པོ་འཕེལ་རྒྱས་ཡོང་བར་སྲུང་སྐྱོང་ཧུར་ཐག་བཅས་བྱས་ནས། དྲང་སྙོམ་དྲང་གཞག་དང་བདེ་འཇགས་གོ་རིམ་ལྡན་པའི་ཚོང་གཉེར་ཁོར་ཡུག་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།